དོཊ་གནད་འགྲེལ་བཤད།

འགྲོ་བ་རིགས་དྲུག

时间:2015-08-03  点击:84

         ནང་པའི་ཆོས་གཞུང་དུ། ཆེས་གདོད་མའི་དུས་སུ་མིའི་རིགས་ཀྱི་འཚོ་རྟེན་དུ་གྱུར་པའི་ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་མེད་ཅིང་། ས་སྒང་རིལ་མོ་འདིའི་སྟེང་གི་ངོ་མཚར་བའི་་ཚསྣ་ཚོགས་དང་མིག་ལ་འཚེར་སྣང་སྟེར་བའི་རྒྱུ་སྐར་གྱི་ཚོགས། ཐ་ན་མི་རྣམས་ཀྱི་སྲོག་གི་གཟུངས་ཐག་ལྟ་བུར་གྱུར་པའི་ཉི་མ་དང་ཟླ་བ་ཡང་མཐོང་རྒྱུ་མེད་པར་བཤད་ཅིང་། ཚེ་སྲོག་དེ་ཡང་གདོད་མ་ནས་རྣམ་པར་དག་ཅིང་བགེགས་དང་སྐྱོན་གྱིས་མ་་གོས་ལ། འགྲན་པའི་ཟླ་དང་བྲལ་བར་རང་བཞིན་ལྷུན་གྱིས་གྲུབ་ཡོད། འོན་ཀྱང་ཐོག་མ་མེད་པ་ནས་རྒྱུན་བསྐྱངས་ཡོང་བའི་ཤེས་པ་རྒྱུན་མཐུད་ཀྱི་གོ་རིམ་ཁྲོད་འདོད་སེམས་ཀྱི་གཞི་རྒྱུ་ཕྲ་མོ་ཞིག་རིམ་གྱིས་ཆགས་པ་དང་། སླད་ཞུགས་པའི་རྒྱུ་དེས་རིམ་གྱིས་དག་གཙང་མིན་པའི་ཚེ་སྲོག་གི་འཁོར་བསྐྱོད་མགོ་བརྩམས་པ་རེད་ཟེར། དེ་ཡང་དཔེར་ན་རླངས་སྣུམ་གྱི་ནང་དུ་བྱེ་ཟགས་ཀྱི་རྡུལ་ཞུགས་པ་དང་། ཁྲག་རྒྱུན་གྱི་ཁྲོད་དུ་འགོག་རྫས་ཞུགས་པ་ནང་བཞིན་མི་འགྱངས་པར་འཕྲུལ་ཆས་ལ་ཆག་སྐྱོན་འབྱུང་ལྟར་མིའི་ལུས་རྟེན་ལའང་ནད་འབྱུང་སྲིད་དོ། གདོད་མའི་ཆོས་ཉིད་དག་རྩ་བ་ནས་གཏོར་རྗེས་རིམ་གྱིས་ཁོ་ཚོའི་འོད་མདངས་དེ་ཡང་ཇེ་ཞན་དུ་གྱུར་ནས་མག་མོག་ཏུ་གྱུར་བ་དང་། ཆགས་སེམས་དེ་སྔར་ལས་ཆེར་རྒྱས་ནས་ཟས་ལ་བརྐམ་པའི་ཧམ་སེམས་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས་ཁོ་ཚོའི་རང་བཞིན་ལྷན་སྐྱེས་སུ་གནས་གནས་པའི་དྭངས་གཙང་གི་གཉུག་གཤིས་དེ་་ཉིད་འདོད་པའི་ཧམ་སེམས་ཁྱུར་མིད་དུ་བཏང་ནས། མ་རིག་ཉོན་མོངས་ཀྱི་བག་ཆགས་མཐུག་པོས་སྒྲིབ་པར་གྱུར་། སྐབས་དེར་མཐོ་རིམ་ཚེ་སྲོག་གི་ཕུང་པོ་དེ་དག་ནི་བླ་ན་མཐོ་པའི་ཤེས་རབ་་ལས་བྱུང་པའི་ཟླ་མེད་ཀྱི་འོད་སྣང་དང་བྲལ་བར་གྱུར་ནས། ཁོ་ཚོའི་ལྷན་སྐྱེས་སུ་གྲུབ་པའི་ཤེས་རབ་ནི་བླང་དོར་གྱི་ནུས་པ་དང་བྲལ་བར་གྱུར་ནས། མིག་མདུན་གྱི་བྱ་དངོས་ཡོད་ཚད་ལ་ལེགས་ཉེས་འབྱེད་པའི་མིག་དང་བྲལ་ནས་ཀུན་རྫོབ་ལྟར་སྣང་དུ་གྲུབ་སྟེ། གནས་འདིའི་ཡོད་ཚད་འཇིག་རྟེན་གཞན་ཞིག་ཏུ་གྱུར་སོང་། དོམ་དམ་དུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་སྒྱུ་འཕྲུལ་གྱི་འགྱུར་བ་དེ་ནི། འཁོར་བ་ཐོག་མ་མེད་པ་ནས་ཁོ་ཚོའི་རང་གཤིས་སུ་བག་ལ་ཞ་བའི་ཆགས་སྲེད་ཕྲ་མོས་བསྐྱེད་ཅིང་། སུས་ཀྱང་སྐྱིད་སྡུག་མཉམ་འདྲེས་ཀྱི་འཇིག་རྟེན་ནི་སྒྱུ་མའི་རྨི་ལམ་ལྟར་ངེས་པ་རྟོགས་མེད། ཡང་དང་བསྐྱར་དུ་བརྗེ་ཟོར་བྱེད་པའི་ཚེ་སྲོག་གིས་ཁོ་ཚོའི་དྲན་ཤེས་དེ་སྨུག་རུམ་མཐུག་པོས་རིམ་གྱིས་བསྒྲིབས་ནས། འདས་ཟིན་པའི་འོད་སྣང་དང་མཛེས་སྡུག་གི་འཇིག་རྟེན་དེ་ནམ་ཡང་ཕྱིར་རྟོགས་བྱེད་ཐབས་མེད་པར་བསྒྱུར། གཟུགས་མེད་ཀྱི་འཁོར་བའི་འཆང་ཐག་དམ་པོ་དེས་ཁོ་ཚོ་ཡང་དང་བསྐྱར་དུ་སྡུག་བསྔལ་གྱིས་གཙེས་པས་ད་ལྟའི་འཁོར་བའི་འདམ་འདིར་ལྷུང་དུ་བཅུག་ནས་མིག་མདུན་གྱི་འཇིག་རྟེན་འདི་མངོན་པར་གྱུར། དུས་དེ་ནས་བཟུང་སྟེ་ཆེས་བླ་ན་འཕགས་པའི་ཚེ་སྲོག་དེ་དག་ཀྱང་དུག་ལྔས་བསླད་པའི་འཁོར་བའི་རླབས་རྒྱུན་གྱི་ཁྲོད་དུ་ལྷུང་སོང་། 
འཁོར་བ་ཐོག་མ་མེད་པ་ནས། ལས་སླ་མོས་འདོར་ཐབས་བྲལ་བའི་འདོད་ཆགས་དང་། 
         ཞེ་སྡང་། གཏི་མུག་སོགས་དུག་ལྔའི་བྲན་བསྒྱུར་འོག་མི་རྣམས་ནི་བྱ་དངོས་ཀྱི་བདེན་ལུགས་ལ་སྔར་ལས་རྨོངས་པར་གྱུར་ཞིང་། མ་རིག་པའི་ཉོན་མོངས་ཀྱིས་ཀུན་ནས་བསྒྲིབས་ཏེ། གྲངས་མེད་པའི་འཁོར་བའི་གནས་དག་ཏུ་ཚེ་སྲོག་དེ་ཡང་རང་གིས་བསགས་པའི་ལས་ཀྱི་དབང་གིས་འབྲས་བུ་སྣ་ཚོགས་སྨིན་པར་གྱུར། ནང་པའི་ཆོས་གཞུང་དུ། རིགས་དང་རྣམ་པ་མི་འདྲ་བའི་ཚེ་སྲོག་དེ་དག་ཕྱོགས་གཅིག་ཏུ་བསྡུས་ནས་འགྲོ་བ་རིགས་དྲུག་ཅེས་ཟེར་ཞིང་། ཚེ་སྲོག་གི་ཕུང་པོ་འདི་དག་རྒྱུན་་མ་ཆད་པར་ཡང་དང་བསྐྱར་དུ་འཁོར་བའི་བའི་ཆོས་ཉིད་དེ་ལ་“འཁོར་བ་རིགས་དྲུག་”ཅེས་བྱའོ། འགྲོ་བ་རིགས་དྲུག་ནི་ལྷ་དང་མི། ལྷ་མ་ཡིན། དམྱལ་བ། ཡི་དྭགས། དུད་འགྲོ་བཅས་སོ། 
         ལྷ་ནི་ཆོས་གཞུང་དུ་འདོད་ཁམས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡོད་པར་བཤད་དེ། ཚེ་རིང་ཞིང་གཟུགས་པོ་སྟོབས་དང་ལྡན་པ་དང། ཅི་བསམ་རང་དབང་དུ་སྤྱོད་པར་བཤད། ཁོ་ཚོའི་སྣང་བར་བདེ་སྐྱིད་ཀྱི་ལོངས་སྤྱོད་དེ་སྐད་ཅིག་ལ་རྫོགས་ནས་ཚེ་འཕེན་པར་བྱེད་པ་སྟེ། དེའི་རྟགས་སུ་ཁོ་ཚོའི་ལུས་སྟེང་དུ་ལྟས་ངན་པ་སྣ་ཚོགས་འབྱུང་བ་ནི། དཔེར་ན་རིན་པོ་ཆེའི་ཁྲིར་བཞུགས་ཀྱང་མི་བདེ་བའི་ཚོར་བ་འབྱུང་བ་དང་། སྤྱི་བོའི་མེ་ཏོག་གི་ཅོད་པན་འཐོར་ཞིང་། ལུས་ནས་རྔུལ་ཆུ་འདོན་པ་སོགས་བྱེད་པས། དེས་ནི་ཁོ་ཚོ་མིའི་སྐྱེས་གནས་སུ་ལྷུང་བའི་བརྡ་སྟོན་པ་ཡིན། ལྷ་རྣམས་ནི་གནས་སྐབས་སུ་་་བདེ་བའི་དཔལ་ལ་རོལ་ཀྱང་ཚོགས་བསགས་ཞན་པས་ཡང་བསྐྱར་མིའི་འཁོར་བའི་སྡུག་བསྔལ་ཡ་ང་བ་མྱོང་བར་འགྱུར་པས། སྐབས་དེར་ལྷ་རྣམས་ཀྱིས་འཆི་བའི་སྡུག་བསྔལ་རྟོགས་ནས་མནར་སྤྱོད་བློ་ལས་འདས་པ་མྱོང་པར་བཤད། 
         མི། ས་སྒང་རིལ་མོ་འདིར་འཚོ་བའི་མི་སྟེ། ཉོན་མོངས་དུག་ལྔ་ལས་འདོད་སྲེད་ཀྱི་དབང་དུ་གྱུར་པར་བཤད། དེ་ཡང་འགྱུར་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་བཅས་རྩ་བའི་སྡུག་བསྔལ་གསུམ་གྱི་དབང་དུ་གྱུར་པས། དགྲ་སྡང་བ་དང་འཕྲད་ཀྱིས་དོགས་་་་པའི་སྡུག་བསྔལ་དང་། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། མདོར་ན་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱི་དབང་དུ་་གྱུར་པར་བཤད། ཡིན་ནའང་མི་རྣམས་ཀྱིས་འཁོར་བའི་ཉེས་དམིགས་རྟོགས་ནས་དེ་ལས་ཐར་འདོད་ཀྱི་བློ་རྒྱུད་ལ་སྐྱེས་སྲིད་པས་མིའི་ལུས་རྟེན་་་ཐོབ་པ་དང་དེ་ནས་དམ་པའི་ཆོས་དང་མཇལ་རྒྱུ་ནི་ཧ་ཅང་དཀའ་བར་བཞེད་དོ། 
         ལྷ་མ་ཡིན། ཕྲག་དོག་གི་དབང་དུ་གྱུར་ཞིང་འཐབ་རྩོད་ལ་དགའ་བ་སྟེ། རང་ལས་མཐོ་བའི་ལྷ་ལ་ཕྲག་དོག་བཅངས་ནས་དེ་དང་རྒྱུན་པར་འཐབ་མོད། འོན་ཀྱང་ལྷ་རྣམས་ནི་སྟོབས་དང་ལྡན་ཞིང་འཐབ་ལ་མཁས་ནས་ཁོ་ཚོས་རྒྱུན་ཏུ་ཕམ་ཁ་མྱོང་པ་དང་། ལྷ་ཡི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཀི་བསྭོ་ཆ་སྒྲ་སྒྲོག་ཅིང་གཟི་བྱིན་བཟོད་པར་དཀའ་བ་ཙམ་དུ་གནས་པས་རབ་ཏུ་ཕམ་ཞིང་དུས་རྟག་ཏུ་འཁྲུག་རྩོད་ཀྱི་མེ་འོབས་སུ་གནས་སོ། 
དམྱལ་བ།  ལུས་སེམས་གཉིས་ཀས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བའི་སེམས་ཅན་ཞིག་སྟེ།  སྤྱིར་བཏང་དུ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཉི་ཚེ་བ་དང་ཉེ་འཁོར་བ་བཅས་ཡོད་པར་བཤད། 
ཡི་དྭགས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བའི་སེམས་ཅན་ཞིག། དུད་འགྲོ། སྒོ་ཕྱུགས་སྣ་ཚོགས་དང་སྲིན་འབུ་ཆེ་ཕྲ་སོགས་ཏེ།   བཀོལ་སྤྱོད་དང་སྲོག་གཅོད་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བའི་སེམས་ཅན་ལ་ཟེར། 
         ཙོང་ཁ་སྒོ་བསྟེན་གྱི 《གསོ་རིག་སྨན་ཐང་གསལ་བའི་མེ་ལོང་། 》ཞེས་པའི་ཐང་ཀར་གསལ་བའི་བོད་ལུགས་གསོ་བ་རིག་ནད་མེད་ཚེ་སྲིང་ལམ་སྟོན་ཞེས་པར་བྲིས་ཡོད་པ་ནི། ལུས་སེམས་གཉིས་ཀ་འཁོར་བའི་སྡུག་བསྔལ་གྱི་དོང་དུ་ལྷུང་ཞིང་། སྡུག་བསྔལ་གྱི་འཆིང་ཞགས་དམ་པོའི་འོག་འཕག་འཚག་བྱེད་པའི་མི་རྣམས་ལ་། དེ་ལས་ཐར་བའི་ཐབས་དང་གདམས་པ་ཟབ་མོ་ཞིག་སྟོན་པ་ཡིན། 
         ཐང་ཀའི་ཆེས་གཤམ་གྱི་རིམ་པ་དེར་འགྲོ་བ་རིགས་དྲུག་དེ་འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པའི་མེ་འོབས་སུ་ལྷུང་ཞིང་འཚོ་བ་བྲིས་ཡོད་དེ། དེ་ནི་སེམས་ཅན་དེ་དག་གིས་ཚེ་རབས་མང་བོར་གནས་སྐབས་ཀྱི་བདེ་བ་ཙམ་ལ་ཆགས་ཏེ། རང་ཉིད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་བྱམས་དང་སྙིང་རྗེ་རྩ་བ་ནས་བརྗེད་ཅིང་། དྲིན་བྱས་དྲིན་དུ་མི་གོ་བ་དང་རྒྱུ་འབྲས་ཀྱི་བློ་མིག་ལྡོངས་བ་སོགས་ཀྱི་དབང་གིས་ལས་ཀྱི་རྣམ་་་་སྨིན་དྲག་པོ་རང་ཐོག་ཏུ་བབས་ཏེ་ད་ལྟའི་མི་བཟད་པའི་སྡུག་བསྔལ་འདི་མྱོང་དགོས་པར་གྱུར་བ་རེད། ཐང་ཀའི་ངོས་སུ། ལྷ་རྣམས་ཀྱིས་རང་གི་ལུས་སྟེང་གི་འོད་རིམ་གྱིས་ཉམས་པ་དང་དབུའི་གཙུག་རྒྱན་གྱི་མེ་ཏོག་གི་འདབ་མ་རྙིད་པ་མཐོང་་ཞིང་། ལུས་ནས་དྲི་ངན་འཐུལ་བ་སོགས་བྱུང་བས། རང་ཉིད་མི་འགྱངས་བར་འཆི་བར་འགྱུར་བ་རྟོགས་པས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བ་དང་། ལྷ་མ་ཡིན་གྱིས་ཕྲག་དོག་གིས་དབང་གིས་ལྷ་དང་གཡུལ་བཀྱེས་ཤིང་། མཐར་རང་ཉིད་རབ་ཏུ་ཕམ་ནས་འབྲོ་སའི་གནས་མེད་པར་མགོ་བོ་གཅོད་པ་དང་གྲོད་པ་གཤགས་པ་སོགས་ཀྱི་སྡུག་བསྔལ་ཡ་ང་བ་མྱོང་བ་དང་། དམྱལ་བར་ནི་དེ་ལས་ལྷག་པའི་སྡུག་བསྔལ་མྱོང་བ་སྟེ། རལ་གྲིའི་རྩེ་མོར་བསྐྱོན་པ་དང་མེ་ཡི་རྒྱ་མཚོར་ལྷུང་བ། ལྕགས་ཁུ་ཞུས་པའི་ཁྲུས་ལ་འཇུག་པ། འཁྱག་རོམ་གྱི་སྦུབས་བུ་ཚུད་པ་སོགས་ཡང་དང་བསྐྱར་དུ་མྱངས་ནས། ས་ཆུ་མེ་རླུང་གིས་བསྐྱེད་པའི་སྡུག་བསྔལ་གྱི་ཚོར་བ་མ་ལུས་ཡོངས་སུ་མྱོང་བར་འགྱུར།
         ཡི་དྭགས་ནི། གྲོད་པ་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་དང་མགྲིན་པ་རྟ་རྔ་ཙམ་ལས་མེད་པས། ལྟོགས་སྐོམ་བཟོད་གླགས་མེད་ནའང་ཟས་ཁམ་གང་ཡང་མིད་དཀའ་ཞིང་། ལ་ལས་ཟས་ཅུང་ཙམ་ཟོས་ནའང་མགྲིན་པ་སྦོས་ཤིང་སྐྲངས་ནས་ན་ཟུག་བཟོད་ཐབས་མེད་པ་མྱོང་བར་འགྱུར་བ་དང་། མཐར་ལྟོགས་སྐོམ་གྱིས་འཆི་བར་འགྱུར། དུད་འགྲོ་ནི་འཆི་བའི་དུས་མ་ངེས་པར་གནས་པ་སྟེ། ཐ་ན་གཅན་གཟན་སྟག་སེང་སོགས་ཀྱང་སྐད་ཅིག་ལ་གཞན་གྱི་བྲན་དུ་བསྒྱུར་ཅིང་སྲོག་འཕྲོག་པ་དང་། གཞན་གྱི་ཁ་ཟས་སུ་འགྱུར་བ་དང་། བྲན་ལྟར་བཀོལ་ཞིང་སྤྱོད་པ། གླེན་ཞིང་ལྐུགས་པར་གནས་བ་སོགས་བརྗོད་ཐབས་བྲལ་བའི་སྡུག་བསྔལ་མྱོང་བར་འགྱུར། མི་ནི་ཚེ་གང་བོར་དམིགས་འབེན་ཞིག་མངོན་འགྱུར་བྱ་ཆེད་བྲེལ་ཟིང་གིས་དུས་འདའ་ཞིང་ཕྱོགས་བཞིར་རྒྱུགས་པ་དང་། མངོན་འགྱུར་བྱུང་རྗེས་ཧམ་སེམས་སྔར་ལས་ཆེས་ཆེར་རྒྱས་ཏེ། རྨོངས་བའི་དབང་གིས་གནས་སྐབས་ཀྱི་བདེ་བ་ཙམ་ལ་ཆགས་ཏེ་འཁོར་བའི་སྡུག་བསྔལ་གྱི་ཀློང་དུ་་་འཁྱམ་ཞིང་གནས། ཡིད་མཐུན་གྲོགས་དང་གྱེས་ཤིང་བྱམས་པའི་གཉེན་དང་བྲལ་བ། ཚེ་གང་བོར་ནད་གདོན་སྣ་ཚོགས་ཀྱིས་གཙེས་བ། དགའ་སྐྱོ་ཆགས་སྡང་། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་ཟད་མཐའ་མེད་པའི་ཀློང་དུ་འཚོ་བ་ཡིན། འགྲོ་བ་རིགས་དྲུག་གི་གོང་དུ་ཡངས་ཤིང་རྒྱ་ཆེ་བའི་ལྷུང་བཟེད་ཀྱི་ནང་དུ་ལུས་སྲོག་གསོ་བའི་རིན་ཆེན་སྨན་གྱིས་གཏམས་ཤིང་། དེ་ནས་རིམ་གྱིས་སྟེང་རིམ་དུ་ཡབ་ཡུམ་ཟུང་འཇུག་གི་རྣམ་པར་རོལ་བའི་ལྷ་སྐུའི་རྣམ་པ་དང་། གཞོགས་གཉིས་སུ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང་། དཀྱིལ་དབུས་ཀྱི་རྩེ་མོར་སངས་རྒྱས་སྨན་གྱི་བླ་མཆོག་ཉིད་བདེ་བར་བཞུགས་པ་དང་། གཡས་གཡོན་གཉིས་ཀྱི་དཀྱིལ་དུ་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་སོགས་འཇོམས་པའི་ཆོས་སྐྱོང་གི་སྐུ་རིམ་པར་བཞུགས་ཡོད། ཚོན་རིས་འདི་ལས་འཁོར་བ་རིགས་དྲུག་གི་གནས་ནི་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ཡིན་པས། སངས་རྒྱས་སྨན་བླའི་ཐུགས་རྒྱུད་ལས་འཁྲུངས་བའི་ལུས་སྲོག་གསོ་བའི་མན་ངག་འདི་ཉིད་ཇི་བཞིན་ལག་ལེན་དུ་བསྟར་ན། ད་གཟོད་སྡུག་བསྔལ་ལས་ཐར་ཞིང་གཏན་གྱི་བདེ་བའི་ཕ་རོལ་ཏུ་སོན་ཐུབ་མཚོན་ཡོད།

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་