བོད་གསོ་བ་རིག་པའི་ནད་མེད་ཚེ་བསྲིང་རིག་པ།
时间:2015-08-03 点击:171
༼༡༽བོད་ཀྱི་གསོ་བ་རིག་པའི་ལུས་སེམས་འདུལ་བའི་ཚེ་བསྲིང་ལྟ་ཚུལ།
བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་གཞུང་ལུགས་ནི་ནང་བསྟན་མཚན་ཉིད་རིག་པ་ཡིན་པས་དེ་ལས་བསྟན་པའི་ནད་མེད་ཚེ་བསྲིང་རིག་པ་ནི་ནང་བསྟན་གྱི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བའི་རིག་པ་དང་འབྲེལཏེ་བྱུང་བ་ཞིག་ཡིན། དེར་བརྟེན། བོད་ཀྱི་གསོ་བ་རིག་པའི་ནད་མེད་ཚེ་བསྲིང་བལྟ་ཚུལ་ནི་མདོར་དྲིལ་ན་ཕྱོགས་གཉིས་ལ་བསྡུ་ཆོག་སྟེ། ཚེ་འདིར་ནད་མེད་པའི་གནས་སྐབས་ཀྱི་བདེ་བ་དང་ཚེ་འདི་ཕྱི་གཉིས་ཀར་སྡུག་བསྔལ་ལས་གྲོལ་བའི་མཐར་ཐུག་གི་བདེ་བའོ། །
ད་ལྟའི་དངོས་ཡོད་སྤྱི་ཚོགས་ཁྲོད་ན་མི་རྣམས་ཀྱི་ཚེ་བསྲིང་བའི་ཐབས་ལམ་ནི་ལུས་ཕུང་གི་བདེ་ཐང་ཁོ་ནར་སྙེགས་བཞིན་ཡོད། དེ་ནི་བལྟོས་ཚོད་ཀྱིས་ཕན་ཁེ་ཆེ་བའི་ཚེ་སྲིང་ཐབས་ལམ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ཚེ་སྲིང་ལ་རོལ་མྱོང་བའི་ང་རང་ཚོ་དང་ཁ་བྲལ་ཟིན་པའི་གྲངས་མེད་ཀྱི་རྒན་རབས་པ་རྣམས། ཁོང་ཚོའི་འདོད་འདུན་གྱི་ཚེ་ལོ་མ་རྫོགས་པར་རེ་ཆད་ཀྱིས་འཇིག་རྟེན་དང་བྲལ་སོང་། དེ་བས་ལུས་རྟེན་གྱི་བདེ་ཐང་སྙེགས་པ་ཙམ་ལས་ཚེ་ལོ་མཐར་ཕྱིན་ཅིང་འདོད་རྒུ་ལོངས་སྤྱོད་རྫོགས་པའི་དམིགས་ཡུལ་དེ་ཤིན་ཏུ་འགྲུབ་པར་དཀའ་བའོ། །
བོད་ཀྱི་གསོ་བ་རིག་པའི་ཚེ་སྲིང་ཐབས་ལམ་ལས། མིའི་ལུས་རྟེན་བཟང་བོ་ཞིག་ཡོད་པ་ནི་བདེ་ཐང་འབྱུང་བའི་གཞི་རྩ་ཡིན་པ་དང་། དེར་མི་ན་བར་གནས་པ་དང་ན་བ་གསོ་བའི་ཐབས་ལམ་གྱིས་ལུས་ཀྱི་བདེ་ཐང་བསྲུང་བའི་རིགས་པ་རྣམ་པར་སྤྲོས་ཡོད་པ་མ་ཟད། ནང་སྒོས་ཚེ་བསྲིང་བའི་དམིགས་ཡུལ་འགྲུབ་པར་ལུས་རྟེན་གྱི་བདེ་བ་ཁོ་ན་ཙམ་མ་ཡིན་ཏེ། འབྱུང་གཞི་མི་བདེ་བའི་རྒྱུ་རྐྱེན་ལ་འཇོག་དགོས། དེ་བས་ནད་མེད་ཚེ་སྲིང་གི་གནད་དོན་གལ་ཆེན་ནི་ང་ཚོའི་ལུས་ཕུང་ལ་བདག་ཏུ་འཛིན་པའི་ནང་སེམས་ལས་སྐྱེད་པའི་སེམས་བྱུང་དེ་ཡིན། དེ་ནི་འདོད་ཆགས་དང་ཞེ་སྡང་། གཏི་མུགང་རྒྱལ་སོགས་དུག་གིས་སྦགས་པའི་སེམས་བྱུང་དག་ཡིན། སེམས་བྱུང་དེ་དག་ནི་སྣ་མང་རྙོགས་འཛིང་ཆེ་བ་དང་། རྒྱ་ཆེ་ཞིང་གཏིང་དཔོག་དཀའ་བའི་ཕུང་བོ་ཞིག་ཡིན་ལ། དེར་ལུས་སེམས་ཀྱི་མཐར་ཐུག་གི་བདེ་བ་འགྲུབ་པར་སྒྲུབ་དགོས་པའི་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ། ཕུང་བོ་ལྔ། སྡུག་བསྔལ་གསུམ་སོགས་འདུས་པའོ། །
ང་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་བར་ཆད་གཏོང་བའི་གཟུགས་མེད་ཀྱི་འགལ་རྐྱེན་དེ་དག་སེལ་ཆེད། བོད་ལུགས་གསོ་བ་རིག་པས་ནང་བསྟན་མཚན་ཉིད་རིག་པའི་ལྟ་སྤྱོད་གཡར་ཏེ་བརྒྱུད་རིམ་དང་ལྡན་པའི་ཐབས་ལམ་ཞིག་བཙལ་ཡོད་པ་སྟེ། དེ་ནི་ནང་བསྟན་ལས་བསྟན་པའི་འོད་གསལ་གྱི་ཤེས་རབ་དང་། གཏི་མུག་གི་རྩ་བ་གཅོད་པར་བྱེད་པའི་ཕར་ཕྱིན་དྲུག་སྟེ་སྤྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་ཡིན། ཐབས་ལམ་འདི་དག་སྤྱད་དེ་དུག་གསུམ་གྱིས་སྦགས་པའི་ནང་སེམས་ཀྱི་དྲི་མ་དག་པར་བྱས་ནས་མིའི་ལུས་སེམས་ལ་བདེ་བ་དང་ལྡན་པར་བྱེད་པ་ནི་ལུས་སེམས་འདུལ་བ་ཡིན་ནོ། །
བོད་ལུགས་གསོ་བ་རིག་པའི་ནད་མེད་ཚེ་སྲིང་ནི་ནང་སེམས་ཀྱི་དྲི་མ་དག་པར་བྱས་ཏེ་ལུས་ལ་བདེ་དེར་བརྟེན་ང་ཚོའི་ལུས་སེམས་ལ་གཏན་དུ་བདེ་བ་ཞིག་ཐོབ་དགོས་ན་མིའི་རེའི་ནང་སེམས་ཀྱི་འདོད་པ་ལ་ཆོག་ཤེས་ནན་མོ་བྱེད་དགོས་མོད། འོན་ཀྱང་མ་རིག་པའི་བག་ཆགས་དབང་གིས་དེ་རྩ་བ་ནས་བསྒྱུར་བཅོས་གཏོང་བར་ང་རང་ཚོས་དཀའ་སྤྱད་འབད་བརྩོན་བྱེད་དགོས། དེ་ཕྱིར་སྤྱིའི་དབང་དུ་བྱས་ན། ང་ཚོས་ཕྱོགས་གཅིག་གི་འགྲོ་ལམ་སྙེགས་ཏེ་ལུས་རྟེན་རང་བཞིན་གྱི་ནུས་སྟོབས་མ་ཤེས་ན་འགྲིག་མི་སྲིད་དོ། །
༼༢༽ཕྱི་ནང་འབྲེལ་བའི་རྩ་ལས་མིའི་ལུས་རྟེན་གྲུབ།
བོད་ལུགས་ནད་མེད་ཚེ་སྲིང་རིག་པ་ལས་མིའི་ལུས་རྟེན་གྱི་རང་སྟོབས་ལ་གཙིགས་ཆེན་མཛད་པས་ལུས་ཕུང་གི་གྲུབ་ཚུལ་ལ་ངོས་འཛིན་ཟབ་མོ་གནང་ཡོད། ནང་སྒོས་ལུས་ཀྱི་རྩའི་འབྲེལ་བ་རྒྱས་འགྲེལ་གནང་ཡོད་དེ། བོད་ལུགས་གསོ་བ་རིག་པར་ལུས་རྟེན་གྱི་གྲུབ་ཚུལ་ལ་ཞིབ་འགྲེལ་བྱས་པ་དང་ཀུན་ནས་མཚུངས། ལུས་ནི་རྩས་བསྐྱེད་པའི་གནས་ལུགས་གཞིར་བཟུང་སྟེ་ཞིབ་ཕྲ་ནས་རགས་པའི་བར་རྒྱས་བཤད་གནང་ཡོད། དེར་འབྲེལ་བ་རྩའི་གནས་ལུགས་ཞེས་མའི་མངལ་དུ་ལུས་ཆགས་པ་ནས་བཟུང་རྩ་དཀར་ནག་གིས་ལུས་ཇི་ལྟར་གྲུབ་པའི་སྐོར་གྱི་གནས་ལུགས་བཤད་པ་ཡིན་ཏེ། དེ་ལ་ཆགས་པའི་རྩ་དང་སྲིད་པའི་རྩ། འབྲེལ་བའི་རྩ། ཚེ་ཡི་རྩ་བཅས་བཞི་ཡོད། ཆགས་པའི་རྩ་ནི་མའི་མངལ་དུ་བུའི་ལྟེ་བ་ལས་གྱེས་པའི་ཐོག་མའི་རྩ་གསུམ་ལ་ཟེར་བ་དང་། སྲིད་པའི་རྩར་རྣམ་པ་བཞི་ཡོད་པ་སྟེ། དབང་བོ་ཡུལ་འཆར་བའི་རྩ་དང་། དྲན་པའི་དབང་བོ་གསལ་བར་བྱེད་པའི་རྩ། ལུས་ཀྱི་ཕུང་བོ་ཆགས་པར་བྱེད་པའི་རྩ། བུ་ཚ་རིགས་རྒྱུད་འཕེལ་བར་བྱེད་པའི་རྩའོ། ། འབྲེལ་བའི་རྩར་དཀར་ནག་གཉིས་ཡོད་དེ། ཁྲག་རྒྱུ་བའི་འཕར་རྩ་དང་སྡོད་རྩ་ནི་ནག་པོ་དང་། དཀར་བོ་ནི་རླུང་དང་དབང་ཤེས་རྒྱུ་བའི་རྩ་དཀར་ཡིན། ཚེ་ཡི་རྩ་ནི་མགོ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དང་དབུགས་དང་འགྲོགས་ཏེ་རྒྱུ་བ། བླ་དང་འདྲ་སྟེ་འཁྱམ་པ་གསུམ་ཡོད། དེར་མཐར་ཐུག་གི་བདེ་སྲུང་ཞིག་བསྒྲུབས་དགོས་ན། མི་ལུས་གྲུབ་པའི་གཞི་རྩའམ་འབྲེལ་བ་རྩའི་གནས་ལུགས་རྟོགས་དགོས་པ་མ་ཟད། རླུང་ཁྲག་རྒྱུ་བའི་ཁྱབ་ཚུལ་དང་གནས་ལུགས་ངེས་པར་བྱས་ཏེ་དབང་ཤེས་གསལ་ཞིང་ནད་ཀུན་ཐུབ་པ། ལུས་རྡོ་རྗེ་ལྟར་སྲ་བྱེད་དགོས།
ཕྱིའི་རླུང་ངམ་དབུགས་ནི་བོད་ལུགས་གསོ་བ་རིག་པར་ཆེས་དཀའ་གནད་ཅིག་ཡིན་ལ། སེམས་དུལ་བ་ནི་དབུགས་སྙོམས་པ་དང་། དབུགས་འཇགས་པ་ནི་འདོད་ཆགས་ཀྱི་སེམས་དང་བྲལ་དགོས་པ་ཞིག་ཡིན་པས་དེ་གཉིས་ནི་རྟེན་ཅིང་འབྲེལ་འབྱུང་ཞིག་ཡིན། བོད་ལུགས་ནད་མེད་ཚེ་སྲིང་རིག་པར་དབུགས་ཀྱི་འབྱིན་རྔུབ་གཅིག་ནི་དབུགས་ཐེངས་གཅིག་ལ་བརྩིས་པ་དང་མཚན་གང་བོར་ཕལ་ཆེར་དབུགས་༢༡༦༠༠གཏོང་བ་དང་། དེ་ལས་ཀུན་གཞིའི་རྣམ་ཤེས་གསལ་བར་བྱེད་པའི་དབུགས་༦༧༥གཏོང་བཞིན་ཡོད། ང་ཚོའི་མི་ལུས་ལ་གབ་པའི་རྣམ་པར་ཤེས་པ་མངོན་པར་གསལ་བར་བྱས་ཏེ་དུག་གསུམ་གྱི་འཐིབས་པའི་མུན་པ་སངས་པར་བྱེད་དགོས། དེ་ལས་གྲུབ་པའི་རྒྱུ་རྐྱེན་ཡོངས་སུ་བསལ་ཏེ་གཏན་དུ་བདེ་བ་ཐོབ་པར་བྱེད་དགོས།
གནམ་གཤིས་དང་མིའི་འབྲེལ་བ་ནི་བོད་ལུགས་ནད་མེད་ཚེ་སྲིང་རིག་པར་གོ་ལའི་འཁོར་བསྐྱོད་དང་མཐུན་པར་བསྟན་པའི་ཡང་དག་པའི་གནས་ལུགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་འགའི་སྔོན་དུ་བརྩམས་གྲུབ་བྱུང་བའི་གསོ་རིག་དཔལ་ལྡན་རྒྱུད་བཞི་ལས་བསྟན་དོན། ལོ་གཅིག་ལ་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་གཉིས་(ཉི་མ་དམར་ལམ་ནས་བྱང་ནས་བྱང་དུ་བགྲོད་པ་དང་། དམར་ལམ་ནས་ལྷོ་ནས་ལྷོར་བགྲོད་པའོ། ། )ཡོད་པ་དང་དེས་གནམ་གཤིས་དང་མིའི་ལུས་རྟེན་ལ་ཤུགས་རྐྱེན་བཟོ་བཞིན་ཡོད། ཉི་མ་བྱང་བགྲོད་ཀྱི་ཟླ་དྲུག་གི་(དབྱར་སོས)དུས་སུ། ཉི་འོད་ཕྱོགས་བཞིར་འཕྲོས་པས་ཕྱིའི་འབྱུང་བ་རབ་ཏུ་ཚ་བ་དང་། དེས་མིའི་ལུས་སྟོབས་ཀྱི་ཚ་དྲོད་འཕྲོག་པར་བྱེད་པས་ཕྱིའི་ཚ་རེག་བཟོད་པར་དཀའ། དེའི་སྐབས་སུ། མིའི་ལུས་ཁམས་ལ་གབ་པའི་རྩ་རོ་མ(ངོ་བོ་ཆུ་ཁམས)ལས་ཚ་བ་འཕེལ་ཏེ་བསིལ་འཇམ་གྱི་ནུས་པ་ཤོར་བ་དང་། ཟས་སྐོམ་འཇུ་བར་བྱེད་པའི་མེ་དྲོད་ཀྱི་ནུས་པ་ཇེ་ཞན་ལ་འགྲོ་ངེས། དེས་ལུད་པ་འཕེལ་ཞིང་རྩ་རྒྱུ་འགགས་པར་བྱེད། དྭངས་སྙིགས་འབྱེད་མ་ནུས་པར་ལུས་སྟོབས་ཇེ་ཞན་ལ་འགྲོ་བས་ན། དུས་སྐབས་འདིར་བསིལ་གྲིབ་གནས་སུ་རྩོལ་བཅག་བྱེད་པ་དང་། རོ་ཁ་བ་དང་བསྐ་བའི་ཟས་སྐོམ་རིགས་བསྟེན། བསིལ་བའི་ཡུལ་དུ་ལྷོད་གཡེང་བྱེད་པ་སོགས་བསྟེན་དགོས།
དེ་ལ་ཅུང་ཞིབ་ཕྲའི་སྒོ་ནས་བཤད་ན། དགུན་སྟོད་ཀྱི་དུས་སུ་ཕྱི་གྲང་བས་ལུས་ཀྱི་བ་སྤུའི་བུ་ག་རང་བཞིན་གྱི་ཟུམ་འགྲོ་བའི་ཕྱིར། ཁོང་གི་མེ་དྲོད་སྟོབས་དང་ལྡན་ཞིང་མེ་ཉམས་རླུང་གིས་ཆེ་ཆེར་སྦར་བས་སྣུམ་ལྕིའི་ཁ་ཟས་བསྟེན་དགོས། དེར་ཁ་ཟས་ཉུང་བར་གྱུར་བ་ན། ཁྲག་ལ་སོགས་པའི་ལུས་ཟུངས་འགྲིབ་ཅིང་ཟད་པར་བྱེད་པ་དང་། གྲང་ངར་འགོག་དཀའ་བའི་ཕྱིར། རོ་མངར་བ་དང་སྐྱུར་བ། ལན་ཚྭའི་རིགས་ཀྱི་ཟས་སྐོམ་བསྟེན་པ་དང་ཤ་ཁུ་ལ་སོགས་བསྟེན་ཆོགདུས་འདིར་ཉི་མར་བཀྲུ་སྟེ་ལུས་ཕུང་དྲོད་ལ་བསྒོར་དགོས། དགུན་སྨད་ཀྱི་དུས་སུ་གྲང་ངར་ལྷག་ཏུ་འཁྱགས་པས་སྔོན་ལས་ལྷག་པར་བཅུད་ཅན་གྱི་ཁ་ཟས་རིགས་བསྟེནཔ་དང་། ཆ་རྐྱེན་འཛོམས་ན་རྩི་མར་སོགས་ཀྱིས་བསྐུ་མཉེ་བྱས་ཏེ་ལུས་སྟོབས་བསྐྱེད་བྱེད་དགོས།
དབྱར་སོས་ཀྱི་དུས་སུ་གནམ་གཤིས་ཚ་བས་ལུས་པོའི་བ་སྤུ་རང་བཞིན་གྱིས་ཕྱེ་ཡོད་པས་ཁོང་གི་དྲོད་ཤོར་ཏེ་ཕོ་བའི་མེ་དྲོད་ཞན་པ་དང་ལུས་སྟོབས་ཞན་པར་གྱུར་ཏེ་ནད་གཞི་གང་རུང་འཇུག་སླ་བའི་ཕྱིར། རོ་ཁ་བ་དང་ཚ་བའི་ཟས་སྐོམ་གྱི་རིགས་བསྟེན་པ་སྟེ་ནས་རྙིང་དང་སྦྲང་རྩི། བཅའ་སྒའི་གདུས་ཐང་སོགས་བསྟེན་དགོས།
མི་ཚེའི་དམིགས་ཡུལ་མངོན་གྱུར་ལ་བྲེལ་བའི་གྲོང་ཁྱེར་མི་ཚོགས་ལ་མཚོན་ན། ཁོམ་བསེང་གི་དུས་ཐུང་ཙམ་ཡང་གསེར་ལས་དཀོན་པར་སྣང་། དེ་ཕྱིར་བོད་ཀྱི་གསོ་རིག་མེས་པོ་རྣམ་པས་མངོན་མཁྱེན་ལས་གཟིགས་པ་དང་ཤེས་རབ་ཀྱི་རྩལ་ལས་བཏོན་ཏེ། བྲེལ་མྱུར་ཆེ་བའི་དེང་རབས་སྤྱི་ཚོགས་སམ་ནད་མེད་ཚེ་སྲིང་གི་མི་ཚོགས་ལ་དམིགས་ཏེ་བདེ་སྲུང་གི་ལེགས་སྐྱེས་ཆེས་ལེགས་ཤོས་གནང་ཡོད་དེ། དཔེར་ན་མུ་ཏིག་བདུན་ཅུ་དང་། རིན་ཆེན་གྲང་སྦྱོར། རིན་ཆེན་མང་སྦྱོར། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། ཟླ་ཤེལ་ཆེན་མོ་སོགས་དང་། གཞན་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རི་སྐྱེས་སྐྱེ་དངོས་ཏེ། དབྱར་རྩ་དགུན་འབུ་དང་། ཁ་ཆེ་གུར་གུམ། ཤ་བའི་བོག་རྭ། དབང་ལག་སོགས་གྲོང་ཁྱེར་མི་ཚོགས་ཀྱི་ལུས་སྟོབས་རྡོ་རྗེ་ལྟར་སྲ་བའི་ཁམས་གསོའི་སྨན་རྫས་གང་ལེགས་གནང་ཡོད།