གསོ་རིག་རྒྱུན་འཛིན།

བོད་གསོ་རིག་གི་རྒྱུན་འཛིན།

时间:2015-08-03  点击:105
དྲང་སྲོང་དཔྱད་བུ་ཁྲི་ཤེས།  
         སྤྱི་ལོ་སྔོན་གྱི་དུས་རབས་བཞི་ཡས་མས་སུ། བོན་གྱི་སྟོན་པ་བཤེན་རབས་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་ཡིན་པ་དང་། ཁོང་གིས་གསོ་རིག་འབུམ་བཞི་ཞེས་པའི་གསོ་རིག་གནའ་དཔེ་དེ་ཡང་བསྡུ་སྒྲིག་བྱས་པ་ཡིན། དྲང་སྲོང་དཔྱད་བུ་ཁྲི་ཤེས་ནི་སྟོན་པ་གཤེན་རབས་ཀྱི་སྐུའི་གདུང་སྲས་བརྒྱད་ཀྱི་བགྲེས་ཤོས་དེ་ཡིན། ངག་རྒྱུན་ལ་སྟོན་པ་བཤེན་རབས་ཀྱི་དུས་སུ། བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་《བདུད་རྩི་དཔྱད་ཀྱི་མདོ་དགུ》་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། དེ་རྗེས་མི་སེར་རྣམས་ཀྱི་བོན་གྱི་གསོ་རིག་སྲོལ་འབྱེད་ཀྱི་སྒྲོན་མེར་བཀུར་བ་མ་ཟད། མངའ་འབངས་བདེ་སྐྱིད་ལྡན་པ་བསྟུན་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ཡང་དུས་འདིར་འཁྲུངས་པ་ཡིན་ནོ། ། 
བཤད་པ་ལྟར་ན། བོད་རྗེ་ཡར་ཀླུང་སྒོ་བཞིར་ཕེབས་དུས། དོགས་པ་དྲུག་བཏོན་པ་ལས། མ་གི་ན་དུག་ཡོད་ཞེས་པར། རྩིབ་ལྷ་སྐར་མ་ཡོལ་སྡེས། དུག་ལ་སྨན་ཡོད་ཅེས་ལན་བཏབ། བོད་ཀྱི་གདོད་མའི་དུས་སྐབས་དེར་སྨན་དཔྱད་ཀྱི་སྲོལ་ཀ་དར་རྒྱས་བྱུང་སྟེ་དུག་སེལ་སྨན་གྱི་བྱ་ཐབས་ཡོད་པ་ཤིན་ཏུ་གསལ། དཔྱད་བུ་ཁྲི་ཤེས་ཀྱི་མཛད་པའི་གསོ་དཔྱད་འབུམ་པ་དཀར་བོ་དང་། དུག་བཅོས་གཡུང་དྲུང་འཁྱིལ་བ་སོགས་གསུང་རྩོམ་དེ་དག་གིས་བོད་ཀྱི་གསོ་བ་རིག་པའི་ལག་ལེན་གྱི་རྨང་གཞི་སྲ་བརྟན་ཆགས་ཡོད། ཡང་དུས་དེར། དབང་བོ་རིལ་བུས་དུག་འཇོམས་ཀྱི་སྐོར་དུག་བཅོས་གཡུང་དྲུང་འཁྱིལ་བ་ལས་རྒྱས་པར་གསུངས་ཡོད།  ཡིག་ཆ་ལྟར་ན།  དོན་དངོས་ལོ་རྒྱུས་འདི་ཉུང་མཐར་ཡང་ལོ་ངོ་ཉིས་སྟོང་སུམ་བརྒྱའི་ཡར་སྔོན་ལ་གཏོགས་སྲིད།  
སྨན་པ་དུང་གི་ཐོར་ཅོག་ཅན། 
         སྤྱི་ལོ་དུས་རབས་གསུམ་པའི་དུས་སྐབས་སུ། བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་པ་དང་། དུས་དེར་རྒྱ་གར་གྱི་སྨན་པ་བི་བྱི་དགའ་བྱེད་དང་བི་དགའ་ལྷ་མཛེས་གཉིས་བོད་ཡུལ་ལ་ཕེབས། ངག་རྒྱུན་ལྟར་ན། སྨན་པ་འདི་གཉིས་ཀྱི་རིགས་རུས་ནི་འོད་གསལ་ལྷ་ལས་མཆེད་པ་སྟེ་ལྷ་བུ་དམ་པ་དོག་དཀར་ཞེས་པ་མི་ཡུལ་དུ་བབས་པ་ནས་བརྒྱུད་པར་གྲགས། .དེ་གཉིས་ཆུང་གྲོགས་སུ་གྱུར་ནས་གསོ་དཔྱད་ཀྱི་བསྟན་པ་ལ་ཞུགས། རྒྱུན་ཤེས་ཀྱི་བུ་དང་འཚོ་བྱེད་གཞོན་ནུ་སོགས་ཀྱི་མདུན་ནས་གསོ་དཔྱད་ཀྱི་གདམས་པ་མང་དུ་ཞུས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ།  རྗེ་བཙུན་སྒྲོལ་མས། ཚེ་སྔོན་སྨིན་ལམ་བཏབ་པའི་མཐུས། ། ཁྱེད་རང་བརྒྱུད་པར་བཅས་རྣམས་ཀྱིས། ། གསོ་དཔྱད་བསྟན་པ་འཛིན་པར་ནུས། ། དགའ་བར་གྱིས་ལ་བོད་དུ་བཞུད། ། ཞེས་ལུང་བསྟན་པ་ལྟར་ཁོང་གཉིས་བོད་ལ་ཕེབས། བོད་ཡུལ་དུ་ནད་པའི་འགྲོ་དོན་མཛད་པས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས། བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་གསན་ཏེ་ཁོང་རྣམ་པ་གཉིས་དུས་གཏན་དུ་བོད་ཡུལ་དུ་བཞུགས་ཏེ་གསོ་དཔྱད་ཀྱི་བསྟན་པ་སྤེལ་བར་དགོངས་ནས་ཕོ་བྲང་ཡུམ་བུ་ལྷ་མཁར་དུ་སྤྱན་དྲངས། རང་གི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པ་བུ་བྱི་དགའ་བྱེད་ལ་ཆུང་མར་ཕུལ། ཁོང་གཉིས་ལ་སྙན་གྲགས་འབྲུག་ལྟར་གྲགས་པའི་བོད་ཀྱི་སྨན་པ་དུང་གི་ཐོར་ཅོག་ཅན་ཞེས་པ་འཁྲུངས།  དུང་གི་ཐོར་ཅོག་ནི་དབུ་ལ་རས་དཀར་གྱི་ལ་ཐོད་གསོལ་ཡོད་པས་འཕགས་ཡུལ་གྱི་སྲོལ་ལ་གཏུགས་ཡོད་པར་གྲགས། དེའི་བརྒྱུད་པ་ཟམ་མ་ཆད་པར་བོད་ཀྱི་བཙན་པོ་རིམ་བྱོན་གྱི་བླ་སྨན་ཡིན་ལ། བོད་ཀྱི་གསོ་རིག་དེད་དཔོན་གཡུ་ཐོག་ཡོན་ཏན་མགོན་པོའི་བར་བརྒྱུད་པ་ཡིན།  དམ་པ་ཁོང་གིས་སྨན་དཔྱད་འཚོ་བའི་མདོ་ཞེས་བརྟག་པ་རྩ་ཆུའི་མདོ་དང་། རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། བྱ་བ་སྤྱོད་ལམ་གྱི་མདོ། ཁོང་ནད་གསོ་བ་སོགས་ཀྱི་ནང་དོན་ལྡན་པའི་གསོ་རིག་གཞུང་ལུགས་ཀྱི་སྙིང་བོ་བསྡུས་ཏེ་ལེགས་པར་གསུངས་ཡོད། 
སྲོང་བཙན་སྒམ་པོ། 
         སྤྱི་ལོ་དུས་རབས་བདུན་པར། བོད་རྒྱལ་སོ་གཅིག་པ་གནམ་རི་སྲོང་བཙན་གྱི་སྐུ་སྲས་དང་། ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་དུས་སྐབས་སུ་མཚན་ལམ་དུ་ལུང་བསྟན་པའི་གསེར་གྱི་མཆོད་རྟེན་ཞིག་བྱོན་པའི་རྒྱལ་བུ་སྲོང་བཙན་སྒམ་པོ་ནི་ཆུང་དུས་རིག་པ་བཀྲ་ཞིང་། སྙིང་སྟོབས་དང་ལྡན་པ། རང་ལོ་བཅུ་གསུམ་སྟེང་རྒྱལ་བོའི་ཁྲི་ལ་གསོལ།  བཙན་པོ་འདི་ཆུང་དུས་ནས་དཔའ་འཛངས་གཉིས་དང་ལྡན་ཞིང་རི་དྭགས་རྔོན་པར་དགའ།  དམར་བོ་རིའི་སྟེང་ཕོ་བྲང་པོ་ཏ་ལ་བཞེངས།  རྒྱལ་བོ་འདི་མཁྱེན་རྒྱ་ཡངས་ཤིང་ཐབས་ལ་མཁས་པས་སྟོད་ནས་བོད་ཀྱི་རྒྱལ་ཕྲན་དུ་མ་མངའ་འོག་བསྡུ་བ་དང་། སྨད་དུ་རྒྱ་ནག་ཐང་གི་ཡུལ་དུ་འཇིགས་སྣང་ཆེ་བའི་སྟོབས་ཤུགས་ཀྱིས་བོད་ཡོངས་གཅིག་གྱུར་མཛད། ཁོང་གིས་སྐད་ཡིག་གཅིག་གྱུར་དང་ཡི་གེ་གསར་བཟོ་མཛད། མི་དགེ་བ་བཅུའི་དང་མུ་ཆོས་གཙང་མ་བཅུ་དྲུག་གིས་ཁྲིམས་བཅོས། གཙུག་ལག་ཁང་་དང་མཆོད་རྟེན་བཞེངས། ཁྱིམ་ཚེས་རྒྱལ་ཁབ་ལ་འབྲལ་ཟམ་བཙུགས་ཏེ་ནང་ཆོས་འདྲེན་པ་དང་། བཟོ་སྐྲུན། མཛེས་རྩལ། སྨན་དཔྱད། ཁྲིམས་ལུགས། ཚོང་དོན་སོགས་ཕྱོགས་ཡོངས་ནས་རྒྱལ་ཁབ་འཕེལ་རྒྱས་ལ་སོང་།  དུས་ཡུན་ཐུང་ངུར་ནང་ཆོས་མཚན་ཉིད་རིག་པ་ནང་འདྲེན་བྱས་པ་དང་། བོད་ཀྱི་གསོ་རིག་གི་གཞུང་ལུགས་མ་ལག་དང་བཟོ་རྩལ་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ལ་ཕྱིན། དེ་དང་མཉམ་དུ་ཕྱི་འབྲེལ་ལ་མཐོང་ཆེན་བྱས་ཏེ་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྲས་མོ་རྒྱ་བཟའ་ཀོང་ཇོ་དང་། བལ་ཡུལ་གྱི་བལ་བཟའ་ཁྲི་བཙུན་གཉིས་བཙུན་མོར་བསུས།  རྒྱ་ནག་དང་བལ་ཡུལ། ཏ་ཟིག་སོགས་ཉེ་འབྲེལ་རྒྱལ་ཁབ་དུ་ཐུན་མིན་གྱི་རིག་གནས་དང་གསོ་དཔྱད། བཟོ་རྩལ་སོགས་ནང་འདྲེན་དང་བརྗེ་རེས་བྱས་ཏེ་འཛམ་གླིང་གི་སྒལ་གཞུང་དུ་གྲགས་པའི་སྟོབས་ལྡན་རྒྱལ་ཁབ་དུ་གྲགས། རྒྱ་བཟའ་ཀོང་ཇོ་བོད་ཡུལ་ལ་ཕེབས་དུས་གསོ་རིག་གི་གསུང་རྩོམ་མང་བོ་ཡོད་པ་དང་དེ་ལས་རྒྱ་ནག་གི་ཧ་ཤང་མ་ཧཱ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་ངྷ་རྨ་ཀོ་ཥ་གཉིས་ཀྱིས་མཉམ་དུ་བསྒྱུར་བའི་གསོ་རིག་གསུང་རྩོམ་སྟེ་སྨན་དཔྱད་ཆེན་མོ་ནི་བོད་ཀྱི་གསོ་རིག་ལས་ཆེས་སྔ་མོར་གྲགས་པའི་གསུང་རྩོམ་ལེགས་གྲས་ཤིག་ཡིན། 
         སྤྱི་ལོ་དུས་རབས་བརྒྱད་པར།  གྱིན་ཤིང་ཀོང་ཇོ་བོད་ལ་ཕེབས་དུས་གསུང་རྩོམ་འབོར་ཆེན་བསྣམས་ཡོད་པ་དང་དེ་ལས་རྒྱ་ནག་གི་བཙུན་པ་ཧ་ཤང་མ་ཧཱ་ཡ་ན་དང་། བོད་ཀྱི་ལོ་ཙཱ་བ་བེེ་རོ་ཙ་ན་གཉིས་ཀྱིས་མཉམ་དུ་བསྒྱུར་བའི་ཕྱོགས་བསྡུས་གསོ་རིག་གསུང་རྩོམ་སྟེ་སྨན་དཔྱད་ཟླ་རྒྱལ་ལམ་སོ་མ་རཱ་ཛ་ཡོད་པ་དང་། དེར་བོད་རང་གི་གསོ་རིག་གི་རྨང་གཞིའི་སྟེང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལེགས་ཆ་བསྐང་ཡོད་པའི་བཙན་པོ་རྒྱལ་རབས་ནས་ད་ལྟའི་བར་འཇལ་རྒྱུ་ཡོད་པའི་བོད་གསོ་རིག་གི་གསུང་རྩོམ་གལ་ཆེན་ཞིག་ཡིན། 
ཁྲི་སྲོང་ལྡེ་བཙན། 
         བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། རྒྱ་གར་ནས་སྨན་པ་ངྷརྨ་རཱ་ཛ་དང་རྒྱ་ནག་ནས་ཧྭ་ཤང་མཧཱ་ཀྱིན་ད། ཁྲོམ་ནས་ཙན་པ་ཤི་ལ་ཧ་གསུམ་གདན་དྲངས་པར་སྤྲུལ་བའི་སྲས་གསུམ་དུ་གྲགས།  ཁོང་གསུམ་གྱི་རྒྱལ་ཁམས་སོ་སོའི་ལུགས་དང་བསྟུན་ནས་སྨན་གཞུང་བརྩམས་པའི་ནང་《གསོ་བ་རིག་པའི་རྩ་བ་རྩིས་ཉི་ཟླའི་འཁོར་ལོ》ཞེས་བྱ་བ་ལེའུ་བདུན་དང་། 《ཆུའི་བརྟག་པ་གསེར་གྱི་མེ་ལོང་། 》《རྩ་དཔྱད་རྒྱའི་སྨྲ་མཆུ》སོགས་མང་བོ་ཡོད།  དེ་ལས་《གསོ་དཔྱད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མེ》ཞེས་བྱ་བ་ཨ་རུ་ར་རིགས་བདུན་ལ་དཔེ་བླངས་ནད་གཞིའི་གནས་དང་། དེའི་མངོན་རྟགས་སོ་སོར་བཅོས་པ། དཔྱད་ཀྱིས་བཅོས་པ་སོགས་དབྱིབས་དང་ཕན་ནུས་ལ་སྦྱར་ཏེ་གོ་བདེར་འགྲེལ་ཡོད།  
བླ་སྨན་དགུ། 
         གཞན་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཁྲི་སྲོང་ལྡེ་བཙན་སྐབས་སུ། བོད་ཀྱི་གསོ་བ་རིག་པ་སྔར་ལས་འཕེལ་རྒྱས་དང་མཐུས་ཚང་གཏོང་བར་དམིགས་ཏེ་རྒྱལ་བོ་སྙུན་པའི་ཚུལ་བསྟན་ཏེ། བློན་འབངས་ཀུན་ལ་ཕྱོགས་རིགས་ཀྱི་སྨན་པ་སྤྱན་དྲངས་ཏེ་གྲོས་བྱེད་དགོས་པའི་བཀའ་བསྩལ། ཚང་མས་གསོ་རིག་ཕུལ་དུ་ཕྱིན་པའི་སྨན་པ་གདན་འདྲེན་རྒྱུར་ཞལ་འཆམས་ཏེ་གསེར་གྱི་པ་ཏྲ་སོགས་བསྐུར་ནས་ཕོ་ཉ་བ་ཡུལ་སོ་སོར་མངགས། དུས་ཡུན་ཅུང་མ་སོང་བར་རྒྱལ་ཁབ་མི་འདྲ་བ་སོ་སོ་ནས་ཕུལ་དུ་ཕྱིན་པའི་སྨན་པ་དགུ་བྱོན་ཏེ་རྒྱལ་བོའི་བླ་སྨན་དགུ་ཞེས་གྲགས།  
         སྔོན་གྱི་གཏམ་རྒྱུད་ལྟར་ན།  སྨན་པ་རྣམས་ལ་ཉམས་སད་ཆེད་རྒྱལ་བོས་སྙུན་བརྫུ་བཏབ་སྟེ་ཕོ་བྲང་འཕང་ཐང་ཀ་མེད་དུ་བཞུགས། སྨན་པ་རྣམས་སྒོའི་ཕྱིར་བཞག་ནས་ཁྱེད་ཅག་གསོ་བ་རིག་པ་ལ་མཁས་ཤིང་གྲགས་པ་དང་ལྡན་པ་ཡིན་པས་རྩ་ལག་པ་དངོས་ལ་བལྟ་བར་ངོ་མཚར་མི་ཆེ། ཐ་གུ་འདི་ལ་བརྟགས་ལ་ཁ་དམར་ཐོགས་ཤིག་གསུངས་ཏེ་ཟ་འོག་གི་ཐ་གུ་སྒྲིལམ་སྒོ་རྟེན་གྱི་བུ་ག་བརྒྱུས་ནས་ཐོག་མར་བྱི་ལའི་ལག་པར་བཏགས་ནས་བརྟག་ཏུ་བཅུག་པས། སྨན་པས་རྒྱལ་བོ་གྲོངས་སམ་བདག་ཅག་ཉམས་པ་ཇི་ལྟར་ནའང་ཕྱི་དལ་ཁོང་འཁྱུག་པ་གཟན་གཟན་ཐ་མ་་བྱི་ལའི་རྩ་་འདྲ་བ་ཞིག་སྣང་ཞེས་ཞུས། དེ་ནས་རྒྱལ་བོས་འདབ་ཆགས་ཁྱིམ་བྱ། གོར་མོ་རྡོ། རྒྱལ་བོ་རང་གི་མཁྲིག་མ་སོགས་ཐ་གུ་བཏགས་ཀྱང་རིམ་པ་བཞིན་མ་ནོར་བས་སྨན་པ་རྣམས་མཁས་རབ་ཕུལ་དུ་ཕྱིན་པར་ཐུགས་ཡིད་ཆེས་ནས་དད་དེ ་སྨན་པ་རྣམས་ཕོ་བྲང་དུ་དར་ལམ་ལ་སྤྱན་དྲངས། ཁྲི་ཟ་འོག་དགུ་བརྩེགས་སྟེང་བཞུགས་སུ་གསོལ། ཞལ་ཟས་གསེར་གྱི་སྐྱོགས་སུ་དྲངས། ཆིབས་རྟར་ཟ་འོག་གི་གདན་དང་སེང་ལྡེང་གི་སྒ། གསེར་གྱི་སྲབ་མེད་གཡུ་ཐུར་གྱིས་བརྒྱན་པ་ཕུལ་ཏེ་བཀའ་སྩལ་བ། འཚོ་མཛད་སྨན་པར་གྱུར་བ་འདི་རྣམས་ལ། ། བོད་འབངས་ཡོངས་ཀྱི་མཆོད་པའི་གནས་སུ་གྱུར། ། ཅི་ཕྱིར་འདི་ནི་ཚེ་སྲོག་སྟེར་བའི་ཕྱིར། ། མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། ། ང་ཡིས་བཀུར་བས་མཚན་ཡང་ལྷ་རྗེ་ཐོགས། ། ཞེས་རྒྱལ་བོའི་བླ་སྨན་དུ་བཀུར། འདི་ལ་རྒྱལ་བོའི་བླ་སྨན་དགུ་ཞེས་འབོད་པ་དང་། སྨན་པར་ལྷ་རྗེ་ཞེས་འབོད་པ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཏགས་པ་ནས་བཟུང་ད་བར་དུ་ཉམས་མེད་པར་གནས་ཡོད། 
         དེ་རྗེས་རྒྱལ་བོའི་བླ་སྨན་དགུ་བོས་དཀའ་ངལ་ཁྱད་དུ་བསད་དེ་རང་རྒྱལ་ཁབ་སོ་སོའི་གསོ་རིག་གསུང་རྩོམ་དང་ཐུན་མིན་གྱི་ཁྱད་ཆོས་བོད་ཡིག་བསྒྱུར་བ་དང་། ནད་ཐོག་ལག་ལེན་དང་སྦྲགས་བོད་ཀྱི་སྨན་པར་སྤེལ། དེ་ལས་འཕགས་ཡུལ་གྱིསྨན་པ་ཤིནྟི་གརྦྷས་མཛེ་ནད་རིགས་གསོ་བཅོས་གཙོར་བསྟན་ཏེ་《བདུད་རྩི་ལྷུང་བཟེད་ཆེ་ཆུང་། 》དང་། ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་《མདོ་ལྔ》སོགས་བསྒྱུར་བ་དང་། ཁ་ཆེ་ནས་གུཧྱ་བཛྲ་དང་དེས་《དཔྱད་མདོ་དགུ་བ》སོགས་བསྒྱུར།  རྒྱ་ནག་ནས་སྟོང་གསུམ་གང་བ་དང་། ཧྭ་ཤང་བ་ལ། ཧང་ཏི་པ་ཏ་གསུམ་གྱིས་མེ་བཙའ་དང་བྱུག་པའི་སྐོར་གྱི་ལག་ལེན་མཛད་པ་དང་། 《མེ་བཙའ་ལག་ལེན་སྒྲོན་མ》དང་། 《དུག་དཔྱད་མེ་ལྕེ་འཁོར་ལོ》སོགས་བསྒྱུར།  ཏ་ཟིག་ནས་ཧ་ལ་ཤིནྟ་དང་དེས་《རྩ་བཅོས་མན་ངག་ལྗོན་ཤིང་ཆེ་ཆུང་》སོགས་བསྒྱུར།  གྲུ་གུའི་སྨན་པ་སེང་མདོ་འོད་ཆེན་ནས་རྟ་ཕྱུགས་ནད་ཀྱི་དཔྱད་བཅོས་ལག་ལེན་་བྱས་པ་དང་། དེས་《རྟའི་དཔྱད་མེ་ལོང་སྐོར་གསུམ》སོགས་བསྒྱུར།  དོལ་བོ་སྨན་པ་ཁྱོལ་མ་རུ་ཙེ་ནས་མཚོན་རྨའི་གསོ་བཅོས་ལག་ལེན་བྱས་པ་དང་། དེས་《མི་འཇིགས་བརྒྱད་ཀྱི་མཚོན་ཆ》དང་《གཏར་གའི་དཔྱད》སོགས་བསྒྱུར།  བལ་བོའི་སྨན་པ་ངྷརྨ་ཤཱི་ལས་དུག་ནད་གསོ་བའི་ལག་ལེན་སྤེལ་བ་དང་། དེས་《སྦྱོར་བ་བརྒྱ་བ》དང་《རིན་པོ་ཆེའི་སྨན་གྱི་འཁྲུངས་དཔེ》སོགས་བསྒྱུར།  བླ་སྨན་དགུ་བོའི་ལྷག་བསམ་གྱི་འཕྲིན་ལས་ལ་བརྟེན་བོད་ཀྱི་གསོ་བ་རིག་པ་སྔར་ལས་འཕེལ་རྒྱས་ལ་སོང་བ་དང་། རྒྱལ་ཁབ་ཕན་ཚུན་གྱི་རིག་གནས་བརྗེ་རེས་ཐད་ནུས་པ་འགངས་ཆེན་ཐོན་ཡོད།  
སློབ་དཔོན་པདྨ་འབྱུང་གནས།  
         སྤྱི་ལོ་དུས་རབས་བརྒྱད་པར་མཁས་མཛངས་ལྡན་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་ཁབ་སོ་སོའི་གསོ་རིག་གི་ལེགས་ཆ་ནང་འདྲེན་བྱས་པ་དང་། ནང་སྒོས་རྒྱལ་ཁམས་བདེ་ཞིང་མངའ་འབངས་སྐྱིད་པའི་མཛད་འཕྲིན་ལ་དམིགས་ཏེ་ནུབ་ཕྱོགས་ཡུལ་དུ་ནང་ཆོས་ཞུ་སྟེ་གངས་ལྗོངས་ལ་དར་བའི་ཐུགས་སྨོན་བཅངས། སྨོན་ལམ་དེ ་དང་འབྲེལ་ཏེ་སློབ་དཔོན་པདྨ་འབྱུང་གནས་ལས་སྐལ་དུ་བྱོན་ཏེ་བོད་ཡུལ་དུ་ནང་ཆོས་དར། དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་བོད་རྒྱལ་གྱི་མཛད་འཕྲིན་སྔར་ལས་ཆེ་ཆེར་རྒྱས། ལྷ་ས་བསམ་ཡས་ཁུལ་དུ་བོད་དང་རྒྱ་དཀར་ནག་གི་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པའི་བསམ་ཡས་དགོན་པ་བཞེངས་པ་དང་། དེར་མཁས་དབང་མང་བོ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་བ་དང་དེ་ལས་གངས་རིའི་ལྗོངས་ལ་སྙན་པའི་གྲགས་པ་ཁྱབ་པའི་སད་མི་བདུན་བྱོན། གངས་ཅན་བོད་སྐུ་དྲིན་རི་རྒྱལ་ལྟར་བརྗིད་པའི་བེེ་རོ་ཙ་ན་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་སྲས་བོ་ཡིན་ནོ། ། 
བེེ་རོ་ཙ་ན།  
         བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་རྒྱ་གར་ཆོས་ཀྱི་ཞིང་ཁམས་ནས་བོད་ཡུལ་དུ་ནང་ཆོས་འདྲེན་པའི་བྱ་བཞག་ཁྲོད། བེེ་རོ་ཙ་ན་ནི་དེད་དཔོན་གཙོ་གྲས་ཡིན་ལ། ཁོང་གིས་རླབས་ཆེན་གྱི་བྱ་བཞག་འདིར་བསུབས་ཏུ་མེད་པའི་མཛད་རྗེས་གནང་ཡོད།  རྒྱལ་བུའི་《བཀའ་འགྱུར་》དང་《བསྟན་འགྱུར》སོགས་ནང་བསྟན་གྱི་གཞུང་ལུགས་དང་《ཡན་ལག་བརྒྱད་པ》སོགས་གསོ་རིག་གི་གསུང་རྩོམ་བསྒྱུར་གནང་མཛད་པ་དང་།  ནང་ཆོས་ལས་བསྟན་པའི་གསོ་རིག་མན་ངག་འཚོལ་སྡུད་དང་སྒྲིག་བསྒྱུར་གྱི་འཕྲིན་ལས་ཁོང་གིས་མཛད་པ་ཡིན། 《ཐང་ཡིག》ལས།  འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ། ། བེེ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། ། སྔ་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། ། མ་འོངས་རྒྱ་གར་ཕལ་སྐད་ཤེས་ཙམ་ལ། ། ལོ་ཙཱར་བཞེད་སྲིད་བེེ་རོའི་ཆར་མི་ཉེ། ། ལོ་ཙཱར་བཏགས་ཀྱང་དོན་ལ་པཎཊི་ཏ། ། འདི་ཡི་ཆོས་དཞིན་ཡོད་དོ་ཕྱི་རབས་རྣམས། ། གསུངས་པའོ། ། 
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། 
         གོང་གི་དུས་སྐབས་དེར། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སྟེང་གི་དེད་དཔོན་ཆེན་མོ་སྟེ་གཡུ་ཐོག་ཡོན་ཏན་མགོན་པོ་སྐུ་འཁྲུངས་པ་དང་། ཁོང་ནི་བོད་ཀྱི་གསོ་རིག་ཁྱིམ་རྒྱུད་ལས་འཁྲུངས་ཤིང་ཡབ་མེས་ནི་བོད་རྒྱལ་རིམ་བྱོན་གྱི་སྐུའི་བླ་སྨན་མཛད། ཆུང་དུས་ནས་བོད་ཀྱི་གསོ་རིག་པར་བག་ཆགས་ཆེ་བའི་དབང་གིས་རིག་པ་བཀྲ་ཞིང་མཁྱེན་དཔྱོད་ལྡན་པ་ཞིག་ཡིན། ལོ་ལྔ་སོན་པ་ནས་གསོ་དཔྱད་ལ་གསན་པ་དང་སྦྲགས་གསང་སྔགས་ཆོ་ག་མ་ལུས་མཉམ་དུ་སྦྱངས། ཡབ་ཆེན་དང་མཉམ་དུ་ནད་པའི་འགྲོ་དོན་མཛད་དེ་ནད་གཞིའི་བརྟག་བཅོས་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་བར་གོམས་ཡོད།
         ཁོང་གིས་སྐུ་ན་ཕྲ་མོའི་དུས་ནས་རང་སྐྱ་ཐུབ་པར་ནད་པའི་འགྲོ་དོན་གཉེར་ཞིང་སྨན་སྦྱོར་དང་བརྟག་བཅོས་ལ་མཁྱེན་དཔྱོད་ཤིན་ཏུ་ཡངས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སྐབས་སུ། བོད་ལ་མཁས་དབང་གི་སྐྱེས་ཆེན་དུ་མ་གནམ་གྱི་སྐར་མར་འགྲན་ཞིང་ནང་སྒོས་རིག་གཞུང་ནི་ཉི་ཟླའི་ཆ་དང་མཉམ། དེར་མཁས་མང་ཚོགས་པས་རིག་འགྲན་གྱི་བགྲོ་གླེང་ནི་སྨྲོས་མ་དགོས་ཏེ། དགུང་གྲངས་ཉེར་ལྔའི་སྟེང་ཕྱོགས་རིས་ཀྱི་སྨན་པ་དགུ་དང་ཕན་ཚུན་བགྲོ་གླེང་བྱས་པར་འཕགས་ཡུལ་གྱི་ཤིནྷི་གརྦ་དང་རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ་སོགས་ཀྱི་དྲི་བར་མ་ནོར་མ་ལོག་པར་དྲིས་ལན་སྐྱོན་པས་མཁྱེན་དཔྱོད་ཕུལ་དུ་ཕྱིན་པར་ཡ་མཚན་དང་དད་པ་མགྲིན་གཅིག་ཏུ་སྐྱེས། འོན་ཀྱང་ཁོང་གིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་དྲེགས་མེད་བྱམས་པའི་སེམས་ཀྱིས་མཁས་པ་རྣམས་དང་བགྲོ་གླེང་དང་ཞིབ་འཇུག་བྱས།  ལུགས་སོ་སོའི་གཞུང་ལུགས་ལ་སྙིགས་དོར་བཅུད་ལེན་དང་རང་རའི་གསོ་རིག་གཞུང་ལུགས་ལ་རྨང་གཞི་བྱས་ཏེ་མ་ལག་ཆ་ཚང་ཞིང་གཞུང་ལུགས་ཀྱི་ཚད་མཐོ་བ། རྒྱུད་ཀྱི་ཆེ་བ་བཅུ་གཅིག་དང་ལྡན་པའི་《དཔལ་ལྡན་རྒྱུད་བཞི》་བརྩམས་གྲུབ་བྱུང་། དུས་དེར་རྒྱལ་བའི་བཀའ་བསྟན་ལས་གསོ་རིག་གི་སྐོར་བོད་བསྒྱུར་བ་དང་བསྟུན་ལོ་ཆེན་བེེ་རོ་ཙ་ན་མཉམ་དུ་བགྲོས་ཏེ་《དཔལ་ལྡན་རྒྱུད་བཞི》ལས་དཀའ་གནད་ཀྱི་སྐོར་ཐག་བཅད་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཕྱི་ཕྱོགས་རྒྱལ་ཁབ་ལ་སློབ་སྦྱོང་གིས་འབྲེལ་ཟམ་བཙུགས། སྔ་གཞུག་ཏུ་རྒྱ་གར་ལ་ལན་གསུམ་ཕེབས་པ་དང་། ཐོག་དང་བོར་སློབ་དཔོན་ཙནྡྲ་དེ་ཝ་བསྟེན་ཏེ་ཚ་བའི་ནད་དང་ར་འཇིབས་ཀྱི་ལག་ལེན་སོགས་སྦྱངས་པ་དང་།  《རོ་བཀྲ་འཕྲུལ་གྱི་མེ་ལོང》《བྱང་ཁོག་གསང་དབྱེ》སོགས་བརྩམས །  རང་ལོ་སོ་ལྔའི་སྟེང་རྒྱ་གར་ལ་ཐེངས་གཉིས་པ་ཕེབས་ཏེ་སློབ་དཔོན་མང་དུ་བསྟེན་པ་དང་། 《རྒྱུད་བཞིའི་གབ་པ་གསལ་བྱེད་ཐོ་བྱང》《སྨན་དཔྱད་ཟླ་རྒྱལ་གྱི་ཆ་ལག》དང་བཅས་པ་བརྩམས།  རྒྱམགར་དུ་ཐེངས་གསུམ་པར་ཕེབས་ཏེ་བོད་ཀྱི་གསོ་བ་རིག་པའི་དཀའ་གནད་དང་དོགས་གཞི་མང་བོ་ཁ་སྐོང་མཛད་པ་དང་ཁོང་གི་མཛད་རྗེས་ལ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཆེར་བསྟོད་དང་བྱ་དགའ་ཆེན་པོ་གནང་། དེ་རྗེས་ཁོང་བུ་སློབ་དང་བཅས་རྒྱ་ནག་རི་བོ་རྩེ་ལྔ་སོགས་ལ་ཕེབས་པ་དང་། རྒྱ་ནག་གི་གསོ་རིག་ལའང་སྦྱངས་པ་མཐིལ་ཕྱིན་མཛད། དེ་ནས་《བྱང་ཁོག་གསང་དབྱེ》དང་། 《གསང་ཐིག་རིན་ཆེན་སྒྲོན་མེ》སོགས་བོད་ལ་སྤེལ། 
         ཁོང་གིས་མེ་ཚེའི་སྨད་ལ་འགྲོ་བ་ནད་པའི་དོན་སྒྲུབ་ཞོར་ཀོང་བོ་སྨན་ལུང་དུ་བུ་སློབ་མང་བོ་བསྐྱངས་ཏེ་རྗེས་རབས་པ་གསོ་སྐྱོང་གནང་བ་དང་། དུས་དེར་སློབ་མ་ཆིག་སྟོང་ལྷག་འདུས་ཡོད། དེང་གི་དུས་སུའང་དཔལ་ལྡན་རྒྱུད་བཞི་ནི་བོད་ཀྱི་གསོ་རིག་རྗེས་འཛིན་ཡོངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་གི་བསླབ་གཞི་གཙོ་བོར་གྱུར་ཡོད་པས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི་གསོ་རིག་ལོ་རྒྱུས་སྟེང་གི་དེད་དཔོན་ཆེན་མོར་བསྔགས་ཅིང་སངས་རྒྱས་སྨན་བླའི་རྣམ་སྦྲུལ་ཡིན་པར་གྲགས་སོ། ། 
མཁྱེན་རྒྱ་མཁའ་ལྟར་ཡངས་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། སྙིང་རྗེའི་སྟོབས་ཀྱི་ཕྱུག་པའི་སློབ་དཔོན་པདྨ་འབྱུང་གནས། ཤེས་རབ་མེ་ལྟར་འབར་བའི་ལོ་ཆེན་བེེ་རོ་ཙཱ་ན། དཀའ་སྡུག་ཁྱད་དུ་གསོད་པའི་གཡུ་ཐོག་ཡོན་ཏན་མགོན་པོ། ད་དུང་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་ཟླ་བ་མངོན་དགའ་སོགས་ཀྱི་ཐུགས་རྗེ་འཕྲིན་ལས་ལ་བརྟེན་ནས་སྟོང་གསུམ་གྱི་འཇིག་རྟེན་ཁམས་ན་སྐྱེ་འགྲོ་ཡོངས་ཀྱི་སྡུག་བསྔལ་སེལ་བའི་ལྷ་ཆབ་སྔོན་མོ་རི་བོ་ཧི་མ་ལ་ཡ་བརྒྱུད་དེ་གངས་ཅན་བོད་ཀྱི་གངས་ཆུ་དྭངས་མོ་དང་འདྲེས་པས་ཁམས་གསུམ་གྱི་སྐྱེ་འགྲོའི་སྡུག་བསྔལ་སེལ་བའི་གཞལ་མེད་ཀྱི་བདུད་རྩིར་སྨིན་ཡོད། 
         དེ་ཕྱིར། འཕགས་ཡུལ་གྱི་ལྷ་ལས་མཆེད་པའི་གསོ་རིག་དང་བོད་རང་གི་ཉམས་མྱོང་དང་ལག་ལེན་ལས་གྲུབ་པའི་གསོ་རིག་གཉིས་མཉམ་དུ་འདྲེས་ཏེ་འཇིག་རྟེན་འདིར་སྐད་གྲགས་ཆེ་བའི་《དཔལ་ལྡན་རྒྱུད་བཞི》བྱུང་བ་ཡིན་ནོ། །
རིན་ཆེན་གྱིས་བསྒྲིགས།

པར་དབང་པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བཀོལ་སྤྱོད་བྱས་མི་ཆོག སྙན་སེང་ཐོ་འགོད་ཨང་རྟགས། 京ICP备2026029255号

ཙོང་ཁ་བོད་སྨན་ཁང་།

གཙོ་བཅོས་ཁྱབ་ཁོངས།

ཙོང་ཁ་བོད་སྨན་གྱིས་བོད་ཀྱི་གསོ་རིག་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དུ་སྤུས་དག་གི་བོད་ཀྱི་གསོ་རིག་རིག་གནས་ཀྱི་སྨན་བཅོས་སྒྲིག་གཞི་གསར་བ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཙོང་ཁ་བོད་སྨན་གྱིས་ཀླད་རྩའི་ཁྲག་ལམ་དང་འཇུ་བྱེད་མ་ལག གཅིན་ཟགས་མཚན་མ། དབང་རྩའི་མ་ལག་སོགས་ཀྱི་ཁྱབ་ཁོངས་ཀྱི་སྨན་རྫས་དང་ཁམས་གསོ་སྨན་རྫས་ཀྱི་གནའ་བོའི་གསོ་བཅོས་ཁོང་དུ་ཆུད་ཡོད་པ་དང་ཞིབ་འཇུག་གི་ནུས་པ་གསར་བས་ཁྲོམ་ར་གསར་གཏོད་དང་སྨན་རྫས་མཁོ་སྤྲོད་བྱས་