དཔལ་ལྡན་རྒྱུད་བཞི།
时间:2015-08-03 点击:51
སྤྱི་ལོ་དུས་རབས་དགུ་བར། བོད་རྒྱལ་ཁྲི་རལ་བ་ཅན་གྱི་དུས་སུ་བོད་ཀྱི་རིག་གནས་ལ་འཕོ་འགྱུར་ཆེན་པོ་བྱུང་མོད། རྒྱལ་བོ་གླང་དར་མའི་དུས་སུ་སྲིད་དབང་གསར་རྙིང་གི་རྩོད་པ་བྱུང་སྟེ་ནང་བསྟན་དང་རིག་གནས་ལ་བོར་བརླག་ཆེན་པོ་བྱུང་ཏེ་འཁོར་འབངས་ཀྱི་འཚོ་བ་ཚ་ཚ་འུར་འུར་དུ་གྱུར། ངོ་མཚར་བ་ཞིག་ལ་མུན་ནག་གི་དུས་རབས་དེར་རིག་གཞུང་མང་བོ་ཞིག་གཏེར་དུ་སྦས་པ་དང་དེ་ལས་《དཔལ་ལྡན་རྒྱུད་བཞི》ལོ་ངོ་བརྒྱ་དང་ལྔ་བཅུ་ལྷག་ལ་གཏེར་དུ་སྦས་པའོ། །
ཇོ་བོ་རྗེ་ཨ་ཏི་ཤ
སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་མཇུག་ཏུ། བོད་ཀྱི་མངའ་རིས་ས་ཁུལ་དུ་ལོ་བརྒྱའི་རྗེས་སུ་ནང་བསྟན་གྱི་སྒྲོན་མེ་ཐོག་མར་སྒྲོན་པ་དང་། མངའ་རིས་རྒྱལ་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དཀའ་སྡུག་འབད་བརྩོན་ལ་བརྟེན་ཡང་བསྐྱར་ནང་བསྟན་གྱི་མྱུ་གུ་འབུས་སུ་བཅུག མངའ་རིས་རྒྱལ་བོས་དངུལ་འབོར་ཆེན་བཏང་སྟེ་འཕགས་པའི་ཡུལ་དུ་ཇོ་བོ་རྗེ་ཨ་ཏི་ཤ་གདན་འདྲེན་ཞུ་བ་དང་མངའ་རིས་རྒྱལ་ཁམས་ལ་ནང་ཆོས་སྤེལ། དུས་སྐབས་འདིར་བོད་ལ་ས་བཀད་པ་ལྟ་བུའི་མཁས་ཆེན་མང་བོ་བྱུང་དང་། སྐད་རིགས་སྣ་མང་ལ་མཁས་པའི་ལོ་ཆེན་རིན་ཆེན་བཟང་བོ་ཡང་དུས་སྐབས་འདིར་འཁྲུངས། ཁོང་ནི་ཆུང་དུས་ནས་རིག་པ་བཀྲ་ཞིང་ལས་ལ་བརྩོན་པ་ཞིག་ཡིན་ལ། དགུང་ལོ་གཉིས་ནས་བཟུང་ཡིག་སྐྱོར་ཐུབ་ཅིང་གཟུངས་སྔགས་བསྡོ་ཤེས་པ་ཞིག་ཡིན། རང་ལོ་བཅུ་གསུམ་ནས་བཟུང་ཆོས་སྒོར་ཞུགས་ཅིང་སློབ་གཉེར་ལ་བརྩོན་པ་ཡིན། རང་ལོ་བཅུ་བདུན་སྟེང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རིག་པ་བཀྲ་བའི་ན་མཉམ་གྱི་ཆོས་གྲོགས་ཉི་ཤུ་དང་མཉམ་དུ་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་ལ་མངགས། ལོ་ངོ་བཅུའི་རིང་དཀའ་སྤྱད་འབད་བརྩོན་གྱི་སློབ་སྦྱོང་བྱས་རྗེས་ཕྱིར་བོད་དུ་ཕེབས། སྟོད་མངའ་རིས་ཀྱི་ཐར་ལེན་དགོན་པར་ནང་བསྟན་སོགས་གཞུང་ཆེན་མང་བོའི་ལོ་ཙཱའི་ལས་ལ་ཞུགས། ཉིན་མཚན་དབྱེར་མེད་ཀྱི་བརྩོན་པ་ལ་བརྟེན་གཞུང་ཆེན་བགྲང་གི་མི་ལང་པ་ཞིག་བསྒྱུར་གནང་མཛད་པ་དང་། གསོ་རིག་གི་སྐོར་ལ་《ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པ》དང་། 《ཡན་ལག་བརྒྱད་པའི་འགྲེལ་བ་ཟླ་ཟེར》སོགས་བསྒྱུར། དམ་པ་ཁོང་ནི་བསྟན་པ་ཕྱི་དར་གྱི་སླར་གསོ་ལ་སྐུ་དྲིན་ཆེ་ཞིང་མཛད་རྗེས་ཤིན་ཏུ་ཆེ།
གཏེར་སྟོན་གྲ་བ་མངོན་ཤེས།
གཏེར་སྟོན་གྲ་བ་མངོན་ཤེས་ཅན་ནི་དུས་རབས་བར་བཅུ་གཅིག་པར་བྱོན་པའི་གངས་རིའི་ལྗོངས་ཀྱི་སྨན་པ་མཁས་ཆེན་ཞིག་ཡིན་ལ། སྐུ་གཞོན་ནུའི་དུས་སྔ་ཡུལ་བ་ཞེས་པའི་ཁྱིམ་ཚང་གི་ར་རྫི་ལོ་ལྔ་ཙམ་མཛད། དགེ་བཤེས་ཡབ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། རིག་པ་གཞན་དང་མི་མཚུངས་པས་དུས་ཡུན་མང་བོ་མ་སོང་བར་མདོ་སྔགས་ཀྱི་གཞུང་ལ་དཕྱིས་ཕྱིན་པར་མཁྱེན། ནང་སྒོས་གསོ་དཔྱད་ཀྱི་གཞུང་ལ་ལྷག་ཏུ་མཁས། མདོ་སྔགས་ཀྱི་གཞུང་ལ་མི་འཇིགས་འཔི་སྤོབས་པ་ཐོབ་པའི་གསུང་གནང་བཤད་གནང་སྟེ། མཁས་པ་རྣམས་ཡི་མགུ་བས་དགེ་བཤེས་གྲ་བ་དང་། ཆོས་མངོན་པ་ལ་མཁས་པས་གྲ་བ་མངོན་ཤེས་སུ་གྲགས། གཞན་མཁས་གྲུབ་མང་བོའི་མདུན་སར་གསང་སྔགས་ཀྱི་གདམས་པ་མང་དུ་བརྒྱུད་ཡོད། དུས་སྐབས་དེར་བོད་ཀྱི་དཔྱད་བཅོས་ཀྱི་རྩེར་སོན་པའི་བསགས་ཆུ་འདྲེན་པའི་ལག་རྩལ་ལ་མཁས་པ་དང་། ནང་་སྒོས་སྙིང་ཆུ་བསགས་པར་དམིགས་བསལ་གྱི་ཁྱད་ཆོས་ཡོད། དམ་པ་ཁོང་གིས་མི་ཚེ་གང་བོར་ཕུལ་དུ་ཕྱིན་པའི་དངོས་སློབ་མང་དུ་བསྐྱངས་པ་དང་། དུས་རབས་གཅིག་དང་ཕྱེད་ཀར་གཏེར་དུ་སྦས་པའི་བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་སྟེ་《དཔལ་ལྡན་རྒྱུད་བཞི》བསམ་ཡས་ཀ་བ་བུམ་པ་ཅན་དུ་གཏེར་ནས་བཏོན་པས་མི་རབས་རྗེས་མར་སྐུ་དྲིན་ཤིན་ཏུ་ཆེ། དགུང་ལོ་བདུན་ཅུ་དོན་དགུ་ལ་རང་གི་སློབ་མ་རྣམས་ལ་ལག་ལེན་སློབ་ཆེད་སྙིང་ཐུར་བརྒྱབ་པ་ཐལ་སྐྱོན་གྱིས་ཞིང་གཞན་དུ་གཤེགས། གསོ་རིག་གི་གཞུང་མན་ངག་དང་བཅས་པ་དབུས་པ་དར་གྲགས་ལ་གནང་། དེས་སྟོད་སྟོན་དཀོན་ཅོག་སྐྱབས་ལ་གནང་། དེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ལ་གནང་སྟེ་འགྲོ་དོན་རྒྱུན་མི་ཆད་པ་བྱུང་ངོ་། །
གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།
གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི་གཡུ་ཐོག་ཁྱིམ་རྒྱུད་ཀྱི་མི་རབས་བཅུ་གསུམ་པ་ཡིན་ལ། གཙང་ཉང་སྟོད་ཀྱི་སའི་ཆ་སྒོ་བཞི་རེ་ཐང་དུ་སྐུ་འཁྲུངས། ལོ་རྒྱུས་ལྟར་ན་ཁོང་ནི་སྔོན་བསགས་ཀྱི་རིག་པ་བཀྲ་བས་ལོ་ངོ་བརྒྱད་ལ་སོན་དུས་སྨན་ངོ་མཁྱེན་པ་དང་། མཁྱེན་དཔྱོད་ཡངས་པས་ལྷ་ལས་བབས་པའི་སྨན་པར་འབོད། སྔ་གཞུག་དུ་ལོ་ངོ་དྲུག་གི་རིང་བལ་ཡུལ་དང་། སིངྒྷ་ལ། རྒྱ་གར་སོགས་རྒྱལ་ཁབ་དང་ཡུལ་གྲུ་མང་བོར་ཕེབས། རྫུ་འཕྲུལ་གྱི་བཀོད་པ་བསྟན་པ་བསམ་ཡུལ་ལས་འདས་ཤིང་བརྟན་གཡོའི་དངོས་པོ་ཀུན་ལག་མཐིལ་དུ་སྐྱུ་རུ་བཞག་པ་བཞིན་གཟིགས། དེར་མཐུད་དབུས་པ་དར་གྲགས་དང་རོག་སྟོན་དཀོན་ཅོག་སྐྱབས་ཀྱི་ཞབས་ལ་གཏུགས་ཏེ་ 《དཔལ་ལྡན་རྒྱུད་བཞིའི》དགོངས་པ་རྫོགས་པར་ཞུས་ཏེ་ཕྱི་ནང་གསང་གསུམ་གྱི་གདམས་པ་མ་ལུས་མཁྱེན། ཁོང་ལ་གསོ་རིག་མན་ངག་གི་ཁ་སྐོང་དང་དོགས་གཞི་སེལ་བའི་མཁྱེན་དཔྱོད་ལྡན། ངོས་འཛིན་རྟགས་ཀྱི་ཁ་སྐོང་ལ་《རྩ་དཔྱད་རིག་པ་རང་གསལ》དང་། 《ལག་ལེན་པོད་ཆུང་། 》《རྒྱུད་ཆུང་བདུད་རྩི་སྙིང་བོ》སོགས་བརྩམས་པ་དང་། 《དཔལ་ལྡན་རྒྱུད་བཞི》ལས་རྩ་རྒྱུད་དང་བཤད་རྒྱུད་ཀྱི་འཚོ་བ་ཟས་ཀྱི་བརྗོད་བྱའི་སྐོར་ལ་ཁ་སྐོང་མཛད་པ་དང་། གཞན་སྔོན་གྱི་གསུང་རྩོམ་《སྨན་དཔྱད་ཟླ་རྒྱལ》གྱི་རྩ་ཆུའི་བརྟག་པའི་མ་བུ་དགྲ་གྲོགས་སོགས་ལའང་ཞུ་དག་མཛད།
ཁོང་གིས་མཛད་འཕྲིན་ལས་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་ལག་ལེན་གྱི་རིན་ཐང་ཆེ་བ། ཚན་རིག་གི་རིན་ཐང་ལྡན་པ། སྨན་རྩིས་ཟུང་དུ་འབྲེལ་བའི་གསོ་རིག་བླ་མེད་འདི་བྱུང་བ་དང་། ད་ལྟའི་བར་དུ་དེང་རབས་ཚན་རིག་གིས་བོད་སྨན་གྱི་དུག་འདོན་དང་འདུལ་སྦྱོང་བཟོ་རྩལ་ལ་ཞིབ་འཇུག་བྱེད་ཐབས་བྲལ། དེ་བས་ང་ཚོས་རྟོགས་སླ་བ་ནི་མི་རྣམས་ཀྱི་སེམས་པའི་གཏིང་རིམ་ན་སྦས་པའི་ཤེས་རབ་ནི་མཁྱེན་དཔྱོད་དང་ལྡན་པ་ཞིག་ཡིན་ནོ། །
སུམ་སྟོན་ཡེ་ཤེས་གཟུངས།
གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་གསོ་དཔྱད་ཀྱི་གདམས་པ་ཡོངས་སུ་སྤེལ་བས་ཐུགས་ཀྱི་སྲས་མཆོག་དམ་པར་གྱུར། ཁོང་ནི་སྙེ་མོའི་མདའ་སུམ་པ་ཞེས་པ་ནས་ཡིན་ཞིང་། སྐུ་གཞོན་ནུའི་དུས་ནས་རིག་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་གནང་། དེ་རྗེས་གཡུ་ཐོག་པའི་རྣམ་ཐར་གསན་པས་ཐུགས་ལ་དད་གུས་ཚད་མེད་འཁྲུངས་ཏེ་གཡུ་ཐོག་པའི་ཞབས་ལ་གཏུགས་ནས་མི་ལོ་བཅུ་གཉིས་ཀྱི་བར་དུ་མཉེས་པ་གསུམ་གྱི་ཞབས་ཏོག་ཞུས། ཤེས་བརྩོན་ཟུང་ལྡན་གྱི་སུམ་སྟོན་ཡེ་ཤེས་གཟུངས་ལ་གཡུ་ཐོག་པའི་སྲས་ཀྱི་ཐུ་བོར་གྱུར་བས་རྒྱུད་ཆུང་བདུད་རྩི་སྙིང་བོ་གསང་བ་མན་ངག་གི་རྒྱུད་ཅེས་པའི་གདམས་པ་ཡོངས་སུ་གཏད། སུམ་སྟོན་ཁོང་གིས་སློབ་དཔོན་གྱི་བཀའ་མ་བཅགས་པར་མི་ཚེ་གང་བོར་བོད་ཀྱི་གསོ་རིག་གི་བྱ་བཞག་འབུལ་བ་དང་། ལྷག་བསམ་དག་པས་《གཡུ་ཐོག་གསང་རྣམ》དང་། བཤད་རྒྱུད་ཀྱི་འགྲེལ་བ《འབུམ་ནག་གསལ་སྒྲོན》སོགས་བརྩམསཏེ་མི་རབས་རྗེས་མར་མཛད་འཕྲིན་བླ་མེད་བཞག
སྐྱེས་ཆེན་རིམ་བྱོན་གྱི་ཆུ་རྒྱུན་ལྟ་བུའི་འཛད་འཕྲིན་ལ་བརྟེན། སྤྱི་ལོ་དུས་རབས་བཅུ་བཞི་ནས་བཅུ་དྲུག་གི་བར། བོད་ཀྱི་གསོ་བ་རིག་པ་མེ་ཏོག་འདབ་བརྒྱ་ལྟར་བཞད་ཅིང་དབྱར་མཚོ་ལྟར་རྒྱས་ཏེ་ཆེ་ཆེར་རྒྱས་ཤིང་འཕེལ། གསོ་རིག་འཕེལ་རྒྱས་ཀྱི་དུས་སྐབས་འདི་དང་བསྟུན་བོད་ཀྱི་གསོ་བ་རིག་པར་བྱང་ཟུར་གྱི་ལུགས་ཆེན་གཉིས་སུ་ཕྱེས།
ཟུར་མཁར་མཉམ་ཉིད་རྡོ་རྗེ།
བྱང་ལུགས་ཀྱི་སྲོལ་ཐོག་མར་འབྱེད་མཁན་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིན་པ་དང་། དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས། ཆུང་དུས་ནས་གསོ་རིག་ལ་དགའ་ཞེན་ཆེ་བས་གསོ་རིག་གི་རྒྱུད་པ་བཟུང་། ཤ་ར་རབ་འབྱམས་པ་དང་སྨན་སྟོན་དབང་ཕྱུག་བཟང་བོ་སོགས་སྐྱེས་ཆེན་དུ་མ་བསྟེན་ནས་གསོ་རིག་མཐིལ་ཕྱིན་སྦྱངས། གཡུ་ཐོག་པས་རྨི་ལམ་དུ་དཔལ་ལྡན་རྒྱུད་བཞི་འདིར་རྒན་རབས་རྨོངས་པས་རྣམ་པར་བསླད་དེ་མ་དག་པའི་ཆ་ཇི་སྙེད་ཅིག་ཞུགས་འདུག་པར་བྱི་དོར་གྱིས་ཤིག་ཅེས་པའི་གསུང་གི་གནང་བ་ཐོབ་པར་གསུངས་པ་དང་། ཁོང་གིས་འབད་བརྩོན་ལྷོད་མེད་ཀྱིས་ཞུ་དག་མཛད་པ་དང་དགུང་ལོ་བཅུ་དྲུག་གི་དུས་སུ་པོ་ཏི་རིང་བསྲེལ་ཙམ་གྱི་ནང་དུ་མན་ངག་བྱེ་བ་འབྱུང་བས་《བྱེ་བ་རིང་བསྲེལ》དུ་གྲགས་པ་བརྩམས་པས་སྙན་གྲགས་ཆེ་ཆེར་རྒྱས། གཞན་དཔལ་ལྡན་རྒྱུད་བཞིའི་《འགྲེལ་ཆེན་པོད་ཤེལ་ཕྲ་མོ》དང་། 《སྤྱི་དོན་ནམ་རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་དངུལ་དཀར་མེ་ལོང་》སོགས་བརྩམས། ཕྱོགས་རིས་ཀྱི་སྨན་པ་རྣམས་བསྡུས་ཏེ་《རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད》དང་། 《བདུད་རྩིའི་རྫིང་བུ》སོགས་མཛད། བོད་གསོ་རིག་གི་བྱ་བཞག་ལ་མཛད་འཕྲིན་ཤིན་ཏུ་ཆེའོ། །
བྱང་བ་རྣམ་རྒྱལ་གྲགས་བཟང་།
བྱང་ལུགས་ཀྱི་ཐོག་མའི་སྲོལ་བཏོད་མཁན་ནི་བྱང་བ་རྣམ་རྒྱལ་གྲགས་བཟང་ཡིན་ལ། ཁོང་ནི་བོད་ལྗོངས་ངམ་རིང་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་ངང་ཚུལ་བཟང་བོ་ལྷན་སྐྱེས་སུ་ལྡན་ཞིང་། དགུང་ལོ་བཞི་ལྔ་འི་དུས་སུ་ཡི་གེའི་འབྲི་ཀློག་མཐའ་དག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུའི་སྟེང་སྒྲ་དང་སྙན་ངག་སོགས་རིག་པའི་གནས་བཅུ་ལ་དཔྱིས་ཕྱིན་པར་སྦྱངས་བརྩོན་མཛད། ཡོན་ཏན་གྱི་ཁོ་ལག་རྒྱས་ཏེ་མཁས་པའི་རྩེར་སོན། དགུང་ལོ་བཞི་བཅུ་ནས་བཟུང་གསུང་རྩོམ་འབྲི་འགོ་བརྩམས། གསོ་རིག་བསྟན་བཅོས་ལ《ཡན་ལག་སྙིང་བསྡུས་ཡིད་བཞིན་ནོར་བུ》དང་། 《རྒྱུད་བཞིའི་དཀའ་འཕྲང་མུན་སེལ》གཞན་《སྨན་གཞུང་རིན་ཆེན་སྒྲོམ་བུ》《སྲོག་གཅོད་ནད་དགུའི་དབྱེ་བ》《རྩ་བའི་རྒྱུད་ཀྱི་རྒྱུད་དོན་གསལ་བྱེད་སྒྲོན་མ》སོགས་ཡོད་པ་དང་། གསོ་རིག་གི་བསྟན་དོན་རྒྱ་ཆེར་མཛད་པ་དང་། གསོ་དཔྱད་ཀྱི་སློབ་མའི་མཆོག་གྱུར་མིའི་ཉི་མ་མཐོང་བ་དོན་ལྡན་ཡིན་ནོ། །
མིའི་ཉི་མ་མཐོང་བ་དོན་ལྡན།
མིའི་ཉི་མ་མཐོང་བ་དོན་ལྡན་ནི་ལྷ་བཙན་པོ་མེས་དཔོན་རྣམ་གསུམ་ལ་སོགས་པ་བོད་ཀྱི་རྒྱལ་བོའི་གདུང་རྒྱུད་དྲི་མ་མེད་པ་ཡིན་ལ། ཆུང་དུས་ནས་དད་པ་དང་བརྩོན་འགྲུས་ཆེ་ཞིང་། དབུལ་ཕོངས་ཉམ་ཐག་རྣམས་སྙིང་རྗེས་སྐྱོང་བ་སོགས་ཕལ་བའི་སྤྱོད་ཚུལ་ལས་འདས་པས་ཀུན་གྱིས་ཡིད་སྨོན་བྱེད་ཡུལ་དུ་གྱུར། ཡི་གེའི་འབྲི་ཀློག་སོགས་སློབ་གཉེར་མཛད་སྐབས་མཁྱེན་པའི་རྩལ་དང་ལྡན། སྐུ་ན་སོན་ནས་འཕགས་ཡུལ་གྱི་པཎ་དྲི་ཏཆེན་པོ་ནགས་ཀྱི་རིན་ཆེན་དང་། བྱང་བ་རྣམ་རྒྱལ་གྲགས་བཟང་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་སློབ་དཔོན་དུ་བསྟེན་ཏེ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་རྫོགས་པར་ཞུས། དེ་ལས《སོ་མ་རཱ་ཛ》དང་། 《ཟླ་ཟེར》《བདུད་རྩི་བུམ་པ》《སྦྱོར་བ་བརྒྱ་བ》སོགས་གསུང་རྩོམ་གྱི་ལག་ལེན་བུམ་པ་་གང་བྱོས་ཚུལ་དུ་གསན་གནང་མཛད།
ལྷ་བཙུན་བཀྲ་ཤིས་དཔལ་བཟང་།
ལྷ་བཙུན་བཀྲ་ཤིས་དཔལ་བཟང་ནི་མིའི་ཉི་མ་མཐོང་བ་དོན་ལྡན་གྱི་རིགས་སྲས་ཡིན་ལ། ལྷ་བཙན་པོ་མེས་དཔོན་རྣམ་གསུམ་ལ་སོགས་པ་བོད་ཀྱི་རྒྱལ་བོའི་གདུང་རྒྱུད་ལས་མཆེད་པ་ཡིན། ཡབ་ཆེན་དམ་པ་གསོ་རིག་དཔྱིས་ཕྱིན་པའི་མཁས་ཆེན་ཡིན་པས་ཆུང་དུས་ནས་ནད་བཅོས་སྲོག་སྐྱོབ་ལ་གོམས་སྲོལ་ཆགས་ཡོད། ནར་སོན་རྗེས་ལོ་ཆེན་བསོད་ནམས་རྒྱ་མཚོ་དང་གྲུབ་ཐོབ་ཐང་སྟོང་རྒྱལ་བོ་སོགས་འཁྲུལ་མེད་ཀྱི་ཡོངས་འཛིན་དུ་མའི་ཞབས་པད་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་བདུད་་རྩི་ངོམས་མེད་དུ་བཞེས། བཀའ་རྩོམ་ཡང་《བཤད་རྒྱུད་ཀྱི་འགྲེལ་བ་ལེགས་བཤད་ནོར་བུ》《ཕྱི་རྒྱུད་ཀྱི་འགྲེལ་བ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླགས་པས་ཀུན་ཤེས》གཞན་《ཁོག་འབུགས་འཛུམ་དཀར་བཞད་པའི་ཉི་མ》སོགས་ཡོད།
དེའི་རྗེས་ཀྱི་སློབ་རྒྱུད་ལ་བྱང་ཟུར་གཉིས་ཀྱི་ལུགས་སོ་སོར་འཛིན་ཅིང་། མཚམས་རེར་གཞི་གཅིག་ཏུ་འདྲེས་ཏེ་ཕན་ཚུན་ལ་ཁ་སྐོང་དང་གཞོགས་འདེགས་ཀྱི་བྱེད་ནུས་ཐོན་ཡོད། དེས་བོད་ཁུལ་གྱི་ཡུལ་ཕྱོགས་མི་གཅིག་པའི་ས་ཆ་སོ་སོའི་ནད་ལུགས་ཞིབ་འཇུག་ལ་གསེར་ལས་ལྷག་པའི་ནུས་པ་ཐོན་ཡོད་པ་མ་ཟད། བོད་ཀྱི་གསོ་རིག་བྱ་བཞག་འཕེལ་རྒྱས་ལ་མཆོང་སྐྱོད་ཀྱི་ནུས་པ་ཐོན་ཡོད།
སྐྱེམ་པ་ཚེ་དབང་།
ཟུར་ལུགས་སྨྲ་བའི་གཙུག་རྒྱན་ཨ་བོ་ཆོས་རྗེའི་དངོས་སློབ་ལག་ལེན་མཐར་ཕྱིན་སྐྱེམ་པ་ཚེ་འབུམ་རྡོ་རྗེའི་སློབ་མ་ཡིན་པ་དང་། དུས་རབས་བཅོ་ལྔའི་དུས་སུ་འཁྲུངས་པའི་ཟུར་ལུགས་ཀྱི་རྒྱུད་འཛིན་པ་ཡིན། ཁོཁོང་ནི་བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུབ་པ་དང་། ལྷག་པར་སྨན་དཔྱད་སྐོར་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པ་ཞིག་ཡིན། བཀའ་རྩོམ་ལ་ཁོང་རང་བརྒྱུད་པ་དང་བཅས་པའི་ཁྱད་ཆོས་《སྨན་དཔྱད་ལག་ལེན་ཚེ་དབང་བརྒྱ་རྩ》སོགས་ཡོད།
གཏེར་བདག་གླིང་བ།
གཏེར་བདག་གླིང་བ་ནི་དུས་རབས་བཅུ་བདུན་པར་སྤྱི་ལོ༡༦༤༦ལོར་གྲ་ནང་དར་རྒྱས་ཆོས་ལྡིང་དུ་ངོ་མཚར་བའི་རྟགས་རྟེན་བཟང་བོ་བཅས་སྐུ་འཁྲུངས། ཆུང་དུས་ནས་རིས་མེད་ཀྱི་བཤེས་གཉེན་མཁས་གྲུབ་དམ་པ་བཅུ་ཕྲག་ལྔ་ཙམ་གྱི་ཞབས་ལ་གཏུགས་ནས་གསང་སྔགས་ཕྱི་ནང་གི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལུང་། མན་ངག་ཟབ་ཁྲིད་སོགས་ཤེས་བྱ་མཐའ་དག་ཐུགས་སུ་ཆུད། ལྔ་བ་ཆེན་མོས་མཐུན་རྐྱེན་ལེགས་པར་བསྩལ་བས་དགོན་པ་གསར་དུ་བཞེངས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་ཀྱང་ཟུར་ལུགས་ཀྱི་ལུང་རྒྱུན་ཨོ་རྒྱན་གཏེར་བདག་གླིང་བའི་དྲུང་ནས་བཞེས་པའོ་སྐོར་རྒྱལ་བ་ལྔ་བའི་གསེར་གདུང་དཀར་ཆག་ནང་དུ་གསལ། གཏེར་སྟོན་གླིང་བ་ནས་གསོ་རིག་རྒྱུད་པ་ཟམ་མ་ཆད་བར་མཁས་དབང་མཁྱེན་བརྩེ་ནོར་བུའི་བར་དུ་བྱུང་བ་དང་། ཁོང་གིས་གསོ་རིག་གི་རྒྱུད་འཛིན་ལ་མཛད་རྗེས་བླ་མེད་བཞག་ཡོད །
དར་མོ་སྨན་རམས་པ།
དར་མོ་སྨན་རམས་པ་ནི་སྤྱི་ལོ་དུས་རབས་བཅུ་བདུན་པར་ལྷོ་ཁ་ཡར་ཀླུང་དར་མོ་ཞེས་པར་སྐུ་འཁྲུངས་པ་དང་། སྔ་ཕྱིར་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང་། དྲང་སྲོང་བསྟན་འཛིན་དར་རྒྱས་སོགས་སློབ་དཔོན་བཅུ་ཕྲག་ཙམ་གྱི་ཞབས་ལ་གཏུགས་ཤིང་། གསོ་དཔྱད་ལ་སྦྱང་བརྩོན་མཛད་པས་སྨན་རམས་པའི་མཚན་སྙན་ཐོབ ། རྒྱལ་དབང་ལྔ་བ་ཆེན་མོའི་སྐུའི་བླ་སྨན་གནང་། བོད་ཀྱི་གསོ་བ་རིག་པའི་བཀའ་རྩོམ་ལ་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་བ་《དཀའ་གནད་རྡོ་རྗེའི་མདུད་འགྲོལ》དང་། 《མན་རྒྱུད་འགྲེལ་བ་ལེགས་བཤད་གསེར་རྒྱན》《མན་ངག་བཀའ་རྒྱ་མ》《རིན་ཆེན་གྲང་སྦྱོར་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་ཉིང་ཁུ》སོགས་ཡོད།
སྡེ་སྲིད་སངས་རྒྱས་རྒྱ་མཚོ།
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་པར་ཉིང་ཏིང་འཛིན་བཟང་བོའི་བྲན་དུ་གྱུར་བའི་ཡུལ་དུ་འཁྲུངས། དགོང་ལོ་བརྒྱད་པའི་དུས་ནས་བཟུང་པོ་ཏ་ལར་བསྐྱལ་ཏེ་རྒྱལ་དབང་ལྔ་བའི་གཟིགས་སྐྱོང་གནང་སྟེ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བསྩལ་བ་མ་ཟད་སྐུའི་ཞབས་རིམ་ལ་ཡུན་རིང་དུ་བཞུགས། རིག་པའི་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད། རྒྱལ་དབང་ལྔ་བ་ཆེན་པོའི་དྲུང་གི་སྨན་དཔྱད་མཁས་ཆེན་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེའི་དྲུང་ནས་གསོ་རིག་གཞུང་ལུགས་དང་ལག་ལེན་སོགས་བུམ་པ་གང་བྱོའི་ཚུལ་དུ་མཛད། དགུང་ལོ་བཅོ་བརྒྱད་ལ་སོན་དུས་དཔལ་ལྡན་རྒྱུད་བཞི་ལས་རྒྱུད་ཆུང་གསུམ་བློར་འཛིན་གནང་ཞིང་། དགུང་ལོ་ཉི་ཤུ་རྩ་བདུན་ལ་རྒྱལ་བ་ལྔ་བས་སྲིད་ཀྱི་དབང་བསྐུར་ཏེ་སྡེ་སྲིད་ཀྱི་འགན་དབང་བཞེས།
བོད་ཀྱི་གསོ་རིག་ལོ་རྒྱུས་ལས་ཁོང་ནི་མཛད་རྗེས་བླ་ལྷག་ཏུ་ཆེ་བའི་མཚོན་བྱེད་མི་སྣ་ཞིག་ཡིན་ལ། བརྩམས་ཆོས་རི་བོའི་གཏོས་དང་མཉམ་ཞིང་རིག་པའི་གནས་བཅུ་ལ་མཁྱེད་རྒྱ་ཤིན་ཏུ་ཡངས། བོད་ལུགས་གསོ་རིག་གི་མ་ལག་ཡོངས་སུ་རྫོགས་པའི་བརྩམས་ཆོས་ལ་གཙོ་བོ《རྒྱུད་བཞིའི་འགྲེལ་བ་བེེ་ཌཱུརྱ་སྔོན་པོ》ཡོད་པ་དང་། ཁོང་ནི་རིག་པའི་མཁྱེན་དཔྱོད་ཡངས་ཤིང་གཞུང་ལུགས་ཀུན་ལ་མངའ་བརྙེས་ཡོད་པས་བརྩམས་ཆོས་ཀུན་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་དང་སྔོན་ཐོན་དུ་སོང་ཡོད་པས་ཕྱི་རབས་པའི་མིག་དཔེ་ཞིག་ཏུ་གྱུར་ཡོད ། སྒོས་སུ་རྒྱལ་དབང་ལྔ་བའི་ཐུགས་འདུན་ལྟར་པོ་ཏ་ལའི་ནུབ་ལྷོའི་ཕྱོགས་ཀྱི་ལྕགས་པོ་རིའི་སྟེང་དུ་ལྕགས་རི་བེེ་ཌཱུརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་གསར་འཛུགས་གནང་། ས་ཕྱོགས་རིས་མེད་ཀྱི་སློབ་མ་བསྐྱངས་ཏེ་གསོ་རིག་བྱ་བཞག་འཕེལ་རྒྱས་གནང་བ་དང་། བོད་ཀྱི་ཚན་རིག་གི་གནས་ཁྱབ་སྤེལ་སོགས་ལ་མཛད་རྗེས་ཤིན་ཏུ་ཆེའོ། །
སུམ་པ་ཡེ་ཤེས་དཔལ་འབྱོར།
སུམ་པ་ཡེ་ཤེས་དཔལ་འབྱོར་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་དུས་སུ་མཚོ་སྔོན་གཡས་རུ་ཐོ་ལི་ཞེས་པར་སྐུ་འཁྲུངས། ཆུང་དུས་ནས་རབ་དུ་བྱུང་སྟེ་ཐོས་བསམ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་བཞེས་པར་དབུས་སུ་གསན་སྦྱོང་མཛད་ནས་གཞུང་རབ་འབྱམསལ་མཁས་པར་གྱུར་ཅིང་། གསོ་རིག་སོགས་རིག་གནས་ཀུན་ལ་མཁས་པ་ཕུལ་བྱུང་གི་སྦྱངས་པ་གནང་།
དེའུ་དམར་བསྟན་འཛིན་ཕུན་ཚོགས།
དེའུ་དམར་བསྟན་འཛིན་ཕུན་ཚོགས་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་པར་ཆབ་མདོ་གོ་འཇོ་རྫོང་དུ་འཁྲུངས་པ་དང་། ཆུང་དུས་ནས་འཇོ་མདའ་རྫོང་གི་ཁོངས་སུ་ཡོད་པའི་རྫི་དཀར་དགོན་པར་ཆོས་ཞུགས་གནང་སྟེ་སྔ་ཕྱིར་སློབ་དཔོན་ཀརྨ་བསྟན་འཕེལ་དང་ཀུན་དགའ་བསྟན་འཛིན་གཉིས་ཀྱི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་ཇི་སྙེད་དང་། ལྷག་པར་གསོ་དཔྱད་དང་སྐར་རྩིས་སོགས་ལ་སྦྱངས་པ་མཐའ་འཁྱོལ་གནང་སྟེ་དགེ་བཤེས་ཀྱི་ཆོ་ལོ་ཐོབ། དེར་མཐུད་མཚན་སྙན་ཕྱོགས་བཅུར་རྒྱས་པ་དང་བོད་ལུགས་སྨན་རྫས་ལ་ཞིབ་འཇུག་གཏིང་ཟབ་གནང་། སྔ་ཕྱིར་རྒྱ་གར་དང་ཡུན་ནན་སོགས་ཚ་བའི་ས་ཁུལ་དང་བོད་ནང་ཁུལ་གྱི་ཚ་གྲང་སྙོམས་པའི་སྐྱེ་དངོས་སྨན་རྫས་ལ་ཁོ་རང་དངོས་ཀྱིས་འདྲི་རྩད་དང་། བརྟག་དཔྱད་གནང་བ་ལུང་རིགས་དཔྱད་པ་གསུམ་གྱི་གཏན་ལ་ཕབ་སྟེ་ཚད་ཐུབ་ཀྱི་ཁུངས་དང་བཅས་པ་གསལ་བཤད་གནང་སྟེ་སྨན་རྫས་རིག་པའི་གསུང་རྩོམ་བཞི་བཅུ་ལྷག་ཡོད། 《ལག་ལེན་གཅེས་བསྡུས་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད》དང་། 《སྨན་གྱི་རོ་ནུས་ཞུ་རྗེས་སྦྱར་ཐབས་ཀྱི་རྡེལ་འགྲེལ་རྒྱུད་དགོངས་གསལ་སྟོན》《མེ་བཙའི་གདམས་པ་ཤེལ་དཀར་མེ་ལོང་》སོགས་ཡོད། དེ་ཚོགས་ལས་སྐད་གྲགས་ཆེ་བའི་《དྲི་མེད་ཤེལ་གོང་ཤེལ་ཕྲེང་》ནི་རིག་གཞུང་གི་རིན་ཐང་ཤིན་ཏུ་ཆེ་བའི་སྨན་རྫས་རིག་པའི་གཞུང་ལུགས་ཤིག་ཡིན་ལ། སྔ་ན་མེད་པའི་མདོ་དབུས་མཐོ་སྒང་གི་སྨན་མཛོད་ཆེན་མོ་ཞིག་ཡིན།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་དུས་སུ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་བདྨ་ལྷ་རྩེའི་མདུན་རོལ་དུ་འཁྲུངས་པ་དང་། སྐུ་ན་ཆུང་ངུའི་དུས་ནས་ཐུགས་ཀྱི་བག་ཆགས་བཟང་ཞིང་། ཤེས་རབ་རྣམ་པར་བཀྲ་ལ། སྐུ་ན་སོན་པའི་དུས་སུ་སྨན་གཞུང་རྒྱུད་བཞི་བློ་འཛིན་གནང་ཞིང་། སྔ་ཕྱིར་དུ་སློབ་དཔོན་ལྔ་བཅུ་ལྷག་གིམདུན་སར་ཞབས་ལ་གཏུགས་ཏེ་གསན་སྦྱོང་གནང་། ཁོང་གིས་གཉན་རིམས་སྣ་ཚོགས་སྔོན་འགོག་དང་བཅོས་་ཐབས་ལ་ཕན་པ་མང་ཞིབ་འཇུག་རྒྱ་ཆེར་མཛད་པ་《རིན་སྤུངས་གཏེར་མཛོད་》ལས་རྒྱས་པར་གསུངས་ཡོད། ཁོང་གིས་སྨན་དཔྱད་ཀྱི་འགྲོ་དོན་ཕྱོགས་རིས་སུ་མེད་པར་བསྐྱངས་ཏེ་ཐུགས་བསྐྱེད་དགེ་བ་རྒྱ་མཚོའི་ཕ་རོལ་དུ་སོན་པར་བརྟེན་དགུང་ལོ་བརྒྱད་ཅུ་སོན་པར་ཕྱི་རབས་སྨན་པ་རྣམས་ལ་སློབ་དཔོན་གོང་མ་རིམ་བྱོན་དང་། རང་གི་མྱོང་བྱང་མན་ངག་ཕྱོགས་བསྒྲིགས་མཛད་ནས་《ཟིན་ཏིག་གཅེས་བསྡུས་བདུད་རྩི་ཐིགས་པ》ཞེས་པ་བརྩམས། ཁོང་གིས་་རིན་ཐང་གཞལ་དུ་མེད་པའི་གསོ་དཔྱད་བསྟན་པའི་བང་མཛོད་ཅིག་བཞག་པར་རྗེས་རབས་པ་ཚོས་དད་གུས་ཚད་མེད་བྱེད་ཅིང་འཛད་འཕྲིན་ལ་ཞུགས་པར་སྤྲོ།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
འཇུ་མི་ཕམ་ཁོང་ནི་སྤྱི་ལོ་དུས་རབས་བཅུ་དགུ་བར་ཁམས་སྡེ་དགེའི་ཁོངས་སུ་ཡབ་མེས་ཀྱི་སྐབས་ནས་སྨན་རྒྱུན་མ་ཆད་པའི་རིགས་རིས་ཆོ་འབྲང་བཟང་བོའི་ཁྱིམ་དུ་སྐུ་འཁྲུངས་ཤིང་། དགོང་ལོ་བདུན་བརྒྱད་ཙམ་ནས་འབྲི་ཀློརག་སློབ་སྦྱོང་དང་། གཞུང་ལུགས་བློ་འཛིན་སོགས་ལ་མཁྱེན་རབ་ཤིན་ཏུ་ཆེ། སྐུ་ན་སོན་པའི་སྐབས་སུ་ཞི་བ་ལྷ་གཉིས་པ་རྫ་དཔལ་སྤྲུལ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་མཚན་ལྡན་དགེ་བའི་བཤེས་གཉེནབཅུ་ཕྲག་འགའ་ཤས་ཀྱི་ཞབས་ལ་གཏུགས་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པས་མདོ་དབུས་གཙང་གསུམ་དུ་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། ཁོང་གིས་གསོ་རིག་བཀའ་རྩོམ་ཕྱོགས་ལ་《རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་》དང་། 《སྔོ་སྦྱོར་བདུད་རྩིའི་ཐིག་ལེ》《ཕྱི་རྒྱུད་རྩ་ཆུའི་འགྲེལ་བ》སོགས་ཡོད་པ་དང་། མན་ངག་ཉེར་མཁོའི་སྐོར་ལ། སྐད་སྨན་ཚངས་དབྱངས་རིལ་བུའི་སྦྱོར་ཐབས་དང་། ཟླ་ཤེལ་བསྡུ་ཐབས་དཔའ་བོ་གཏུམ་པོ་སོགས་ཤིན་ཏུ་མང་བས་སྐྱེ་རྒུ་ཡོངས་ལ་ཕན་དང་བདེ་བའི་དཔལ་ཡོན་འབུམ་ཕྲག་ཅིག་ཅར་དུ་སྟེར་བ་སྔོན་བྱུང་འཕགས་ཡུལ་གྱི་སྨན་པ་མཁས་པ་འཚོ་བྱེད་གཞོན་ནུས་གསོས་ཀྱི་རྣམ་ཐར་ལ་ཅོ་འདྲི་བ་ལྟ་བུར་བྱུང་བ་ཡིན་ནོ། །
མཁྱེན་རབ་ནོར་བུ།
སྨན་རྩིས་བསྟན་པའི་གཙུག་རྒྱན་མཁས་དབང་མཁྱེན་རབ་དབང་བོ་ནི་སྤྱི་ལོ་དུས་རབས་བཅུ་དགུ་བར་ལྷོ་ཁ་རྩེད་ཐང་བྱ་ས་ལྷ་ཁང་གི་ཉེ་འདབས་སུ་སྐུ་འཁྲུངས། བཙས་རྗེས་ཡབ་ཀྱིས་སྐྱེས་སྐར་བརྟག་པའི་རྩིས་འབྲས་ལ་སྐྱེ་རྟགས་སྐར་མ་སྤྱི་བོར་སོང་བས་མཚན་མ་བཟང་བོར་ངོས་འཛིན་གྱིས་བྱིས་པའི་དུས་ནས་ཕལ་བ་རང་ག་བ་ཞིག་མ་ཡིན་པར་དགོངས་ཏེ་བརྩེ་བ་ཆེན་པོས་བསྐྱེད་བསྲིངས་མཛད། སྔོན་ལས་ཀྱི་བག་ཆགས་བཟང་བོས་སྨན་རྩིས་ལ་མཁྱེན་དཔྱོད་ལྷག་ཏུ་ཆེ་བས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བོད་ཀྱི་གསོ་རིག་ལ་གསན་སྦྱོང་གནང་། དགུང་ལོ་ཉི་ཤུར་སོན་དུས་རིག་པའི་གནས་བཅུ་སྤྱི་དང་ནང་སྒོས་གསོ་བ་རིག་སྦྱངས་པ་དཔྱིས་ཕྱིན་ཐོན་ནའང་འབད་རྩོམ་གྱི་ཆུ་རྒྱུན་མ་ལྷོད་པར་ད་དུང་སྤྲུལ་སྐུ་འཇམ་དཔལ་ནོར་བུ་དང་། འབྲས་སྤུངས་ཁང་གསར་རིན་པོ་ཆེ་སོགས་མཁས་བཙུན་བཟང་གསུམ་དང་ལྡན་པའི་ཚད་ལྡན་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་《དཔལ་ལྡན་རྒྱུད་བཞི》དང་། 《དུས་ཀྱི་འཁོར་ལོ》《གཡུ་ཐོག་སྙིང་ཐིག》སོགས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན། གསོ་རིག་བཀའ་རྩོམ་གྱི་སྐོར་ལ། 《ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས》ད ང་། 《བྱིས་པའི་ནད་རིགས་བཅོས་པའི་ཉམས་མྱོང་། 》《སྨན་སྦྱོར་ནུས་པ་ཕྱོགས་བསྡུས》《སྨན་སྦྱོར་བདུད་རྩིའི་བུམ་བཟང་》སོགས་ལག་ལེན་གྱི་གཏེར་མཛོད་ཅིག་ཕྱི་རབས་པའི་མིག་བསོད་དུ་གྱུར་ཡོད།
མཁྱེན་རྒྱ་མཁའ་ལྟར་ཡངས་པའི་སྔོན་བྱོན་མཁས་དབང་དམ་པ་ཡོངས་ཀྱི་མཛད་འཕྲིན་ལ་བརྟེན། ལོ་ངོ་སྟོང་ཕྲག་མང་བོར་ལག་ལེན་གྱི་ཆུ་རྒྱུན་མ་ཆད་པའི་བོད་ཀྱི་གསོ་བ་རིག་པ་འདི་སྐྱེ་འགྲོ་ཡོངས་ཀྱི་གསོས་སུ་སྨིན་ཡོད། ད་ལྟའི་ཆར་ཡང་། བོད་ཀྱི་ཡུལ་གྲུ་དང་ལུང་པ་སོ་སོར་བོད་ཀྱི་གསོ་བ་རིག་པའི་ལག་ལེན་བརྒྱུད་འཛིན་དང་སྔོག་འདོན་ཟམ་མ་ཆད་པར་དར་སྤེལ་གཏོང་བཞིན་ཡོད། ནང་སྒོས་སྨན་རྫས་ཀྱི་འདུལ་སྦྱོང་དང་སྦྱོར་བཟོའི་ཕྱོགས་ལ་སྔོན་བྱོན་མེས་པོ་རྣམ་པས་རྣམ་དཔྱོད་ཀྱིས་རྩལ་སྤྲུགས་ཏེ་གླིང་ག་ལྟ་བུའི་མཛེས་ལྗོངས་ཞིག་བསྐྲུན་ཡོད་པ་དང་། དེར་དེང་རབས་ཀྱི་སྔོན་ཐོན་སྨན་སྦྱོར་བཟོ་རྩལ་དང་བསྡེབས་ཏེ་བོད་ཀྱི་གསོ་བ་རིག་པར་སྔ་ན་མེད་པའི་གྲུབ་འབྲས་གསར་བ་སྨིན་ཡོད།
ངེད་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ཟམ་མ་ཆད་པའི་སྨན་རྒྱུད་དང་། སྲོལ་རྒྱུན་དང་རང་བྱུང་གི་སྨན་སྦྱོར་ལས་གྲུབ་པའི་རྣམ་དག་གི་གསོ་བ་རིག་པ་འདིས་དྭངས་གཙང་དང་། ལྷད་མེད་པ། རང་བྱུང་གིས་འཇིག་རྟེན་གསར་བ་ཞིག་བསྐྲུན་ཏེ་ཕྱི་ནང་གི་འབྱུང་བ་ཆ་སྙོམས་ཅིང་ནད་མེད་ཚེ་སྲིང་གི་རྩ་དོན་གཞིར་ནས་གྲོང་ཁྱེར་གྱི་མང་ཚོགས་ལ་བདེ་ཐང་དང་སྤྲོ་བ་སྟེར་ཐུབ།
རིན་ཆེན་གྱིས་བསྒྲིགས།