གསོ་བ་རིག་པའི་དར་ཚུལ་སྐོར།
时间:2015-08-03 点击:84
སྨན་མཆོག་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས། །
དུག་གསུམ་ནད་ཆེན་དྲུངས་ནས་འབྱིན་མཛད་པ། །
སྨན་པའི་གཙོ་བོ་དཔལ་ལྡན་བླ་མ་ལ། །
བཏུད་ནས་གསོ་རིག་ཇི་ལྟར་བྱུང་བ་བརྗོད། །
དེ་ཡང་ཆོས་དང་ནོར་དང་འདོད་པ་ཐམས་ཅད་སྒྲུབ་པའི་རྟེན་གྱི་གཙོ་བོ་མི་ལུས་རིན་པོ་ཆེ་མི་ན་བར་བདེ་བར་གནས་པ་དང་། ན་བ་ལས་གསོ་བར་བྱེད་པ་ཐར་པ་འདོད་མི་འདོད་ཀུན་ལ་མེད་དུ་མི་རུང་བ་ནི་གསོ་བ་རིག་པ་སྟེ། དེ་ཇི་ལྟར་བྱུང་ཚུལ་ལ། ཕྱི་རོལ་པ་ནི། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །ཅེས་སོགས་ཀྱིས་སྙན་ཚིག་མཆོད་སྦྱིན་སྲིད་སྲུང་ངེས་བརྗོད་དེ་རིག་བྱེད་བཞི། །བསླབ་པ། བརྡ་སྦྱོར། སྐར་རྩིས། ཐོས་པ། རྟོག་པ་སྟེ་ཡན་ལག་དྲུག་དྲན་པ་དང་ཆོས་ཏེ་ཉེ་བའི་ཡན་ལག་གཉིས་དང་བཅས་ཚངས་པའི་ཞལ་བཞི་ལས་བྱུང་བར་འཆད་དོ། །ཤ་ལི་ཧོ་ཏྲ་སོགས་ལ་སྔོན་རྒྱ་མཚོ་བསྲུབས་པ་ལས་བྱུང་བར་འཆད་པ་ནི་དུས་འཁོར་སོགས་ལས་བཀག་ལ། ཟླ་ཟེར་དུ་ནི། ཡི་གེ་ཨོཾ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །ཁུར་ཚོས་རྡོལ་ཏེ་མངོན་པར་བྱུང་། །ཞེས་སོགས་དྲངས་སོ། །ཚངས་པས་སྐྱེ་རྒུའི་བདག་པོ་མྱུར་བ། དེས་ཉི་མའི་ཆུང་མ་ཉི་ལྡན་མའི་སྣ་ལས་སྐྱེས་པས་སྣ་སྐྱེས་སམ་ཐ་སྐར་ལ་སྐྱེས་པས་ཐ་སྐར་སྐྱེས་དང་ཀུན་འགྱེད་བུ་སྟེ་ཐ་སྐར་བུ་གཉིས། དེས་བརྒྱ་བྱིན། ཚངས་པས་གསོ་དཔྱད་འབུམ་པ་སོགས་དེ་རྣམས་ཀྱི་གཞུང་སོ་སོར་བྱས། བརྒྱ་བྱིན་ལ་ལྷའི་དྲང་སྲོང་རྒྱུན་ཤེས། འོད་ཟེར་ཅན། འོད་ཡངས། ཡན་ལག་སྐྱེས། ལྷ་མིན་འཇོམས། མཆོན་སྦྱིན་ཅན། གནས་འཇོག་སྟེ་སློབ་མ་གཙུག་ཕུད་ཅན་བདུན་དུ་གྲགས་པ་ཕ་དང་མ་མིའི་བུད་མེད་འདུས་པ་ལས་བུ་བྱུང་བ་ནི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་༼ནབ་སོ་སྐྱེས་ཀྱང་ཟེར་༽། མེ་བཞིན་འཇུག ཐང་ལ་འབར། །རྐང་གཉིས་སྤྱོད། མུ་ཁྱུད་འཛིན། འགྲོ་སྐྱོང་བུ། གཤོལ་འགྲོ་སྐྱེས་རྣམས་ཀྱིས་བརྒྱ་བྱིན་དང་ཕ་ལས་ཐོས་ཏེ་གཞུང་འགྲེལ་རེ་བྱས་ཤིང་། དེ་ནས་དྲང་སྲོང་ལུག རྒྱ་སྐྱེགས་སྣ། མདའི་མཆོག ལན་ཚྭའི་ལག དཔལ་ལྡན་ཕྲེང་བ། དཔལ་ལྡན་ཕུན་ཚོགས། ཉི་སྙིང་། ཟླ་བའི་འོད་ཟེར་སོགས་ཀྱིས་གཞུང་མང་དུ་བྱས། ཤ་ལི་ཧོ་ཏྲ་དང་། ལེགས་ཐོས། ཛ་ལས་རྒྱལ་སོགས་ཀྱིས་རྒྱས་པར་བྱས་ཏེ་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུའི་བར་དུ་བྱུང་ངོ་། །སྤྱིར་འཁོར་ལོས་བསྒྱུར་བའི་གསོ་དཔྱད་ཀྱི་གཞུང་ཡོད་པར་བཤད་དོ། །
མི་ཡུལ་དུ་དར་ཚུལ་ནི། སྔོན་བཅུད་ཆགས་ནས་རིང་པོ་མ་ལོན་པ་ན་ཤེད་བུ་ཞིག་ས་ཞག་མ་ཞུ་བར་ན་སྟེ་སྨྲེ་སྔགས་འདོན་པ་ན་ཚངས་པས་འོངས་ཏེ་ཆུ་སྐོལ་བཏང་བས་ཞི་སྟེ་ནད་པ་ལ་སྔ་བ་ཤེད་བུ། སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ་ཞེས་གྲགས་སོ། །སྤྱིར་རིག་པའི་གནས་ཐམས་ཅད་དང་པོར་སངས་རྒྱས་བྱང་སེམས་ཀྱི་མཐུ་ལས་བྱུང་བ་དང་། ཚངས་པའང་བསྐལ་བཟང་གི་སེམས་དཔའ་ཡིན་པས་སངས་རྒྱས་ཀྱི་མཐུ་ལས་བྱུང་བ་ཡིན་ནོ། །སྨན་དཔྱད་ཉིད་ཁོ་ན་བསྟན་པའི་མདོ་རྒྱུད་མེད་མོད་ཀྱང་ཞར་བྱུང་འདུལ་བ་ལས་དགེ་སློང་ནད་པས་སྨན་པ་ལ་དྲིས་ཏེ་བྱའོ་ཞེས་ལུང་སྨན་གྱི་གཞིར་བཤད་པ་དང་། འཚོ་བྱེད་གཞོན་ནུའི་བྱུང་བ་དང་། སྨན་པ་ནད་དང་སྨན་ལ་མཁས་པའི་དཔེས་སངས་རྒྱས་རྒ་ནད་འཆི་བ་སེལ་བར་གསུངས་པ་དང་། གསེར་འོད་དུ་ཆུ་འབེབས་ཀྱི་བྱུང་བའི་སྐབས་སུ། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུག །ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུམ་དུ་ནི་ཚིགས་རྣམས་བསྡུས་པར་ཤེས། །ཟླ་བ་གཉིས་གཉིས་ཀྱིས་ནི་དུས་སུ་བསྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར། །སྨན་དག་དང་ནི་ཁམས་དང་དུས་ཀྱང་བསྟན། །དབང་བོ་དང་ནི་ཁམས་རྣམས་དེ་དག་ཀྱང་། །ལོ་གཅིག་ནང་ནི་ཚིགས་ཚིགས་ཡོངས་སུ་འགྱུར། །དབང་པོ་དང་ནི་ཡོངས་སུ་འགྱུར་བས་ན། །ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང་། །དེ་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི། །ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི། །ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ། །ཟས་སྐོམ་སྨན་རྣམས་གོ་རིམ་ཇི་བཞིན་ཏེ། །རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང་། སྟོན་ཏུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་སུ་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ་། །དབྱར་ནི་སྣུམ་དྲོ་ལན་ཚ་སྐྱུར་བའི་རོ། །སྟོན་ནི་མངར་དང་སྣུམ་དང་བསིལ་བག་གོ ། དགུན་ནི་མངར་དང་སྐྱུར་དང་སྣུམ་པ་སྟེ། །དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་པའོ། །བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་། །མཁྲིས་པ་ཆེ་བ་འཇུ་བའི་དུས་སུ་ལྡང་། །རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང་། །ཉེས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་བསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་མཐུན་ལྡན་པ། །བད་ཀན་ཚིགས་བུ་བབ་ན་སྐྱུགས་སྨན་བཏང་། །རླུང་ཤས་ཆེ་བ་མཁྲིས་དང་འདུས་པ་དང་། །བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱ། །དུས་གང་ཁམས་གང་ལུས་ནི་གང་ཡིན་པ། །དེ་ཡི་སྨན་དང་ཟས་སྐོམ་བསྟེན་པར་བྱའོ། །ཞེས་ཤློ་ཀ་དགུ་པོ་འདིས་གསོ་རིག་མཐའ་དག་བསྟན་པ་ཡིན་ཏེ། །ཉི་མ་ཡར་ངོ་ལ་ཟློག་པ་དབྱར་ར་བ་དང་། མར་ངོ་ལ་ཟློག་པ་དབྱར་དགུན་འབྲིང་བོར་བཟུང་བའི་ཟླ་བ་གསུམ་གསུམ་གྱིས་དབྱར་དགུན་སྟོན་དཔྱིད་བཞི། ཡང་དུས་མཚམས་བཞི་ལ་ཞག་བཅོ་བརྒྱད་རེས་ཞག་དོན་གཉིས། །དུས་བཞི་ལ་ཞག་དོན་གཉིས་རེ་སྟེ་ཚིགས་བཅད་ཕྱེད་དང་གཉིས་ཀྱི་དུས་དང་། ཚིགས་བཅད་གཅིག་གིས་གསོ་བྱ་ལུས། ཚིག་རྐང་གཉིས་ཀྱིས་ནད་འབྱུང་བའི་རྒྱུ། ཚིགས་བཅད་གཅིག་གིས་དུས་དང་བསྟུན་དགོས་པ། ཚིགས་བཅད་གཅིག་གིས་དུས་བཞི་ལ་ནད་གང་ལྡང་བ། གཅིག་གིས་དེའི་གཉེན་པོར་ཟས་སྨན་གང་བསྟེན་པ། གཅིག་གིས་ཉེས་གསུམ་ལྡང་བའི་དུས། དེ་ནས་གཅིག་གིས་རླུང་ལ་འཇམ་རྩི་ལས་མི་འདའ། མཁྲིས་པ་སྦྱོངས་ལས་མི་འདའ། བད་ཀན་སྐྱུགས་ལས་མི་འདའ་བ་སྟེ་མི་འདའ་བའི་བཅོས་པ་གསུམ་སྟེ་སེལ་ཐབས། རྐང་པ་གཉིས་ཀྱི་ལྡན་འདུས་ཤེས་དགོས་པ་དང་། གཉིས་ཀྱིས་དོན་བསྡུས་པ་སྟེ་སྨན་གཞུང་མཐའ་དག་འདིར་འདུས་སོ། །གསེར་འོད་ཆེ་བ་རྒྱ་འགྱུར་དུ། །ནད་ཀྱི་གསོ་དཔྱད་ལ་བསྟེན་ནས། །སོགས་དེ་བས་མང་བར་བསྒྱུར། །མྱང་འདས་ཆེན་པོར་རྒྱལ་པོར་ཤེས་རབ་འཆལ་པ་ལ་སྨན་པ་བླུན་པོ་ཡོད་པ་སྨན་པ་མཁས་པས་ཐབས་ཀྱིས་བསྐྲད་པའི་དཔེ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ནས་སེམས་ཅན་ཀུན་ཕན་ཕྱིར། །ཐམས་ཅད་སྙིང་པོར་བསྡུས་པ་ཡི། །སྒྲུབ་པའི་སྦྱོར་བ་བདུད་རྩི་མཆོག །ཡང་དག་རབ་ཏུ་བཤད་པར་བྱ། །ག་བུར་དང་ནི་གུར་ཀུམ་དང་། །ནས། དེ་ལྟར་རྫས་ནི་བཅོ་བརྒྱད་པོ། །སོགས་དང་། འདས་པའི་དུས་སུ་སྔོན་བྱུང་བ། །བདེ་ཆེན་བསྐལ་པ་དང་པོ་རུ། །སོགས་དང་། དངུལ་ཆུའི་བྱུང་བ་དང་། རོ་དྲུག་གི་སྡེ་ཚན། སྨན་དང་རིན་པོ་ཆེ་རྣམས་ཀྱི་ཕུལ་བཟང་ངན་སོགས་དང་། །ཉེས་གསུམ་ལྡང་བའི་དུས་སོགས་ཀྱི་མཐར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་དུ་སྦྱར་བར་བྱ་བས་ཕྱི་ནང་གི་སྨན་གྱི་སྦྱོར་པ་འདི་དག་བསླབ་པར་བྱའོ། །སོགས་དང་། དུས་འཁོར་དུ། རླུང་འཇོམས་ལན་ཚྭ་སྐྱུར་པ་དག་ཏུ་རབ་ཏུ་འགྱུར་ཏེ་མངར་དང་སྐ་བ་དག་ནི་མཁྲིས་པའི་དགྲ། །སོགས་དུ་མ་བཤད་དོ། །བསྟན་བཅོས་ནི་ཀླུ་སྒྲུབ་ཞབས་ཀྱིས་སྦྱོར་བ་བརྒྱ་པ་འཚོ་བའི་མདོ་ཚིགས་སུ་བཅད་པ་རྩ་ཨ་ཝའི་ཆོ་ག་དངུལ་ཆུ་རིན་ཆེན་ཕྲེང་བ་གསེར་འགྱུར་སྦྱོར་བ་རྣམས་མཛད། སྔ་རབས་པ་རྣམས་མདོ་ལྔ། དཔྱད་གཞུང་བཅུ་སོགས་མཛད་ཟེར་ཡང་རྒྱ་གཞུང་གི་མཚན་ཉིད་མེད་དོ། །སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ། །ཡང་ལག་བརྒྱད་པ་ལ་འཇུག་པ། དེའི་སྙིང་པོ་བསྡུས་པ། ཡན་ལག་བརྒྱད་པ་བསྡུས་པ་སྟེ་བཞི་མཛད། །ཁྱད་པར་སྙིང་པོ་བསྡུས་པ་རྩོམ་པའི་ཚེ། །ས་གསུམ་དགེ་ལེགས་འབྱུང་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང་། །ཞེས་བཤད། གཞུང་དེ་ལ་རང་འགྲེལ་ཡང་མཛད་དོ། །ཁ་ཆེ་ཟླ་དགའ་ནི་སློབ་དཔོན་གྱི་སྲས་དང་དངོས་སློབ་ཏུ་གྲགས་ཀྱང་སྒྲ་སྦྱོར་ངེས་པར། ཆགས་ལ་མངོན་པར་དགའ་བའི་བུ། །ཟླ་བ་མངོན་དགའ་ཞེས་བྱ་བས། ཞེས་དང་། ཟླ་ཟེར་ལས། བདག་གི་མེས་པོར་གྱུར་པ་ནི། དཔལ་ཆེན་དགེ་བ་ཞེས་གྲགས་ཡིན། །དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོག་པར་བྱེད། །དེ་སྲས་ཆགས་ལ་མངོན་པར་དགའ། །དེའི་བུ་ཟླ་བ་མངོན་དགའ་བདག །སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུད་ཤེས་དོན་ལྡན་མིང་བཏགས་པ། །
སྨན་དཔྱད་རྒྱུད་འབུམ་བྱུང་ཚུལ་མདོར་བསྡུས་ཟུར་བཀོད།
༄༅། ། བསྟན་པའི་གཙོ་བོ་སྟོན་མཆོག་བརྒྱ་བའི་མགོན། །བསྟན་པའི་ཡན་ལག་དཔྱད་རྒྱུད་ཉི་ཁྲི་གཞུང༌། །བསྟན་པ་གཏད་བཞིན་འཛིན་མཛད་ཞང་བོད་ཀྱི། །བསྟན་འཛིན་རིམ་བྱོན་བཀའ་དྲིན་དྲན་པས་འདུད། །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན། །བསྟན་བྱུང་རྣམ་བཤད་རྒྱ་མཚོ་ལས། །སྨན་དཔྱད་རྒྱུད་འབུམ་བྱུང་བའི་ཚུལ། །མདོར་བསྡུས་ཟུར་དུ་བཀོད་ནས་བྲི།།
དེ་ཡང་བསྐལ་པ་བཟང་པོ་འདིའི་གདུལ་བྱ་དང་འདུལ་བྱེད་བྱུང་ཚུལ་སྤྱི་དང་བྱེ་བྲག་པ་རྣམས་བཀའ་གཏེར་གྱི་བོན་ཇི་ལྟར་བྱུང་བའི་ཚུལ་ནི། རྒྱལ་བའི་ཐུགས་བསྟན་གྱི་གཉེར་དཔོན་དམུ་གཤེན་དྲན་པའི་བཀའ་ཐང་རྒྱས་པ་དང༌། སྤ་བསྟན་རྒྱལ་བཟང་པོའི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་དང༌། མདོ་སྔགས་བསྟན་པའི་བདག་པོ་གྲུབ་དབང་ཤར་རྫ་རིན་པོ་ཆེའི་ལེགས་བཤད་མཛོད་སོགས་ལས་ཤིན་ཏུ་གསལ་ཞིང་རྒྱས་པས། བློ་ལྡན་གཟུ་བོར་གནས་པ་དག་གིས་གཟིགས་རྟོགས་ལེགས་པར་མཛོད་དང༌། གནམ་རི་སྲོང་བཙན་ཡན་ལ་བོད་འདིར་ཡི་གེ་དང་མདོ་སྔགས་བླ་མེད་ཀྱི་བསྟན་པ་མེད་པར་འདོད་པ་སོགས་ཀྱི་གྲུབ་མཐའི་ཆགས་སྡང་གི་བཤད་ཚུལ་དུ་མ་ཞིག་ཁེགས་ཤིང་བསྟན་པ་བོན་གྱི་བྱུང་ཚུལ་ལེགས་པར་རྟོགས་པར་འགྱུར་རོ།།
འདིར་རྒྱུའི་བོན་བཞིའི་ནང་ཚན་གསོ་རིག་གི་བསྟན་པ་བྱུང་ཚུལ་བསྟན་འབྱུང་རྣམས་སུ་རྒྱས་པ་ནི་མ་གསལ་ཡང༌། ཐོར་བུར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ། རྣམ་རྒྱལ་ལས། གསོ་བྱའི་ནད་འབུམ་ནག་པོ། གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་དང་གསུམ། རི་གཡུང་དྲུང་དགུ་བརྩེགས་སུ་དཔྱད་བུ་ཁྲི་ཤེས་ལ་གསུངས་སོ། ཞེས་དང༌། ལེགས་བཤད་མཛོད་ལས། བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་པ་དར་བར་བྱས་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ། བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། ཞེས་དང༌། བསྟན་པ་གཉེར་གཏད་ཀྱི་མདོ་ལས། དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། ། དཔྱད་བུ་ཁྲི་ཤེས་དག་གིས་བསྡུས།། ཞེས་སོགས་གསུངས་པ་ལྟར། རྒྱལ་བ་གཤེན་རབ་ཉིད་ཀྱིས་དཔྱད་རྒྱུད་མཐའ་ཡས་པ་ཞིག་གསུངས་པ། དཔྱད་བུ་ཁྲི་ཤེས་སོགས་ལ་བསྟན་པ་གཏད་དོ།།
རྒྱལ་སྲས་དཔྱད་བུས་གསུང་གི་བསྟན་པའི་སྐབས་སུ། སྟག་གཟིག་དམུ་ཚ་ཏྲ་ཧེ་དང་གསེར་ཐོག་ལྕེ་འབྱམས་སོགས་མཁས་པ་ལོ་ཙཱ་རྣམས་ལ་རྒྱ་ཆེར་སྤེལ་ནས་གསོ་རིག་གི་བསྟན་པ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་བ་ཡིན་ཏེ། ཤན་འབྱེད་ལས། གཏོ་བུ་དང་དཔྱད་བུས་ལོ་དྲུག་གཏོ་དཔྱད་ཀྱི་རྒྱུད་གཡུ་ལོ་ལྗོན་ཤིང་དུ་བཤད་ནས་དགའ་ལྡན་དུ་གཤེགས་སོ། ཞེས་དང༌། ཕྲོམ་གྱི་ཡུལ་དུ་དཔྱད་ཀྱི་བསྟན་པ་དར། ཞེས་སོ། གསུངས་པ་ལྟར། ཕྲོམ་རྒྱ་ནག་བོད་ཡུལ་སོགས་སུ་མཁས་པ་སོ་སོས་རང་རང་གི་ཡུལ་དུ་གསོ་རིག་གི་བསྟན་པ་སྤེལ་བ་མངོན་ནོ།།
དེ་ལས་བོད་འདིར་རྒྱལ་པོ་གཉའ་ཁྲིའི་རིང་ནས་གསོ་དཔྱད་ཀྱི་བསྟན་པ་དར་བའི་ཚུལ། བྱམས་མ་ལས། རྒྱལ་པོ་གཉའ་ཁྲིའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། ཞེས་པ་ནས། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁས། ཞེས་གསུངས་སོ།
དེ་ཡང་སྨན་རྒྱུད་ཀྱི་ཡི་གེ་མེད་པར་ངག་བརྒྱུད་ཙམ་དར་བར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། གསོ་རིག་གི་རྒྱུད། གསོ་བྱའི་ནད་འབུམ་ནག་པོ། གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་སྟེ་རྒྱུད་གསུམ་གྱི་འགྱུར་བྱང་དུ། བོན་འདི་ནི་སྟག་གཟིག་དམུ་ཚ་ཏྲ་ཧེ་དང༌། ཕྲོམ་གསེར་ཐོག་ལྕེ་འབྱམས་ཀྱིས་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར། དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་ལྡེ་གྱིམ་ཚ་རྨ་ཆུང་གཉིས་ཀྱིས་ཡུལ་གཙང་སྟོད་བྱེ་མ་གཡུང་དྲུང་དུ་ཞང་ཞུང་གི་ཡུལ་ནས་བོད་དུ་བསྒྱུར། བསྟན་པ་དར་ནུབ་ཀྱི་སྐབས་སུ་བྷོ་ཏི་ས་ཏོ་དང་རྒྱལ་པོས་ཆོས་སུ་བསྒྱུར་རྩིས་བྱས་པར་བོན་པོ་མི་བདུན་གྱིས་ཁྱེར་ནས་བྲོས་ཏེ་གཙང་བྱི་བ་མཁར་ལ་གཏེར་དུ་སྦས་སོ། དེ་ནས་བདག་གིས་དངོས་གྲུབ་ཏུ་བརྙེས་པ་ལགས་སོ། ཞེས་གསུངས་འདུག་པས་སོ།།
གཞན་ཡང༌། སྙ་ལི་ཤུ་སྟག་རིང་སོགས་སྟག་གཟིག་ཡུལ་དུ་རྫུ་འཕྲུལ་གྱིས་གཤེགས་ཏེ་བོན་མང་དུ་བསྒྱུར་པ་ལས། སྨན་དཔྱད་ཀྱི་རྒྱུད་དུ་མ་ཞིག་དར་ཞིང་བཞུགས་པ། བསྟན་པ་དར་ནུབ་ཀྱི་སྐབས་སུ། ལོ་ཙཱ་བ་ལི་ཤུ་སྟག་རིང་དང་བ་གོར་བྷེ་རོ་ཙ་ན་གཉིས་ཀྱིས་བསམ་ཡས་གླིང་གི་ལྷོ་ནུབ་ཁྲི་དང་དུར་ཁྲོད་དུ་སྲིན་པོའི་ཁ་གནོན་ཅ་ཏི་སྒོ་མང་མཆོད་རྟེན་དམར་པོར་སྦས་ཏེ་གཏེར་སྲུང་པོམ་ར་༼ལ་༽བཅོལ་ལོ། དེ་ཐོན་ལུགས་ནི། ཏྲེའུ་རྒྱ་ར་ཛ་དང་སད་གུ་རིན་ཆེན་གྲགས་པ་གཉིས་དཀོར་གཉེར་བྱས་པས་བཏོན། རིམ་པས་བརྒྱུད་དེ་བོན་པོའི་སྨན་པ་དབུ་མཆོད་ལ་དངོས་གྲུབ་ཏུ་བབ། དེ་ལས་བྱུང་བའི་བོན་མང་ཡང་གསོ་དཔྱད་ཀྱི་སྡེ་ལ་རྩ་འགྲེལ་གཉིས། ལག་ལེན་དང་བཅས་པ། ཤིང་སྦྱོར། རྡོ་སྦྱོར། ལྡུམ་བཅོས་གསུམ་དཔྱད་བུ་ཁྲི་ཤེས་སྨན་མདོ་སོགས་བྱུང་ངོ༌། ཞེས་རྣམ་བཤད་གསལ་སྒྲོན་ལས་གསུངས་སོ། ལེགས་བཤད་མཛོད་ལས། བུ་མཚོ་སྲིད་པའི་རྒྱལ་པོས་གཙང་སྟོད་རྡོ་རྗེ་གསང་ཕུ་ནས། སྨན་སྒྲུབ་བདུད་རྩི་ ཕུམ་ཕུམ་དགུ་དང་བདུད་རྩི་སྨན་གྱི་རྒྱུད་དགུ་ཐོན་པ། གཤེན་དམ་པ་རྒྱལ་ཚབ་ལ་བརྒྱུད་དེ་དར་རོ། ཞེས་དང༌། དཀར་ཆག་ཉི་མ་འབུམ་འོད་ལས། བུ་མཚོ་སྲིད་པའི་རྒྱལ་པོ་ཡིས། །གཙང་སྟོད་རྡོ་རྗེ་བྲག་གི་གསང་ཕུག་ནས། །རིན་ཆེན་བུམ་པ་དགུ་ནི་གཏེར་ལས་ཐོན། །དེ་ལས་བདུད་རྩི་སྨན་གྱི་རྒྱུད་དགུ་བྱུང༌། ཞེས་གསུངས་སོ། གཞན་ཡང་འདིར་མ་ཟིན་པའི་དཔྱད་རྒྱུད་དུ་མ་ཞིག་བོད་དུ་འགྱུར་ཡོད་པ་འདྲ་ཡང་དཔེ་རྒྱུན་དཀོན་གཤིས་ཞིབ་ཏུ་བརྗོད་མ་ནུས་སོ།།
ཁྱད་པར་དེང་སྐབས་དར་སོ་ཆེ་བའི་གསོ་དཔྱད་རྒྱུད་བཞི་ནི་གྲུབ་མཐའ་ལ་ཕྱོགས་ཞེན་ཆེ་བ་རྣམས་ཀྱིས་སུས་ཐོབ་བྱེད་ཀྱང་དོན་ལ་རྒྱལ་བ་གཤེན་རབ་ཉིད་ཀྱི་བཀའ་ཚད་མ་ཡིན་ཏེ། ལེགས་བཤད་མཛོད་ལས། གཞན་ཡང་རྒྱུ་ཡི་བོན་བཞིའི་ནང་ཚན་སྨན་གྱི་རྒྱུད་བཞི་སོགས་ཀྱང་བདག་ཅག་གི་སྟོན་པས་གསུངས་པ་ཡིན་ཏེ། བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་ལ་ནད་ཀྱི་བསྐལ་པ་དར་བར་བྱས་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། མ་འོངས་པར་དྲང་སྲོང་ཡིད་ལས་སྤྲུལ་པ་འདུལ་བའི་གཉེན་པོར་ལུང་བསྟན་ཏེ། མདོ་དྲི་མེད་ལས། དྲང་སྲོང་ཡིད་ལས་སྤྲུལ་པ་ཁྱོད། །དེ་དུས་དེ་དང་དུས་མཉམ་དུ། །ཨོ་རྒྱན་པདྨ་སྤུངས་པ་རུ། །འཚོ་མཛད་ཡེ་ཤེས་བྱ་བར་སྤྲུལ། །བདུད་རྒྱལ་རམ་པས་བསྒྱུར་པ་ཡི། །དུག་ལ་བདུད་རྩི་སྨན་དུ་བསྒྱུར། །ཉི་ཁྲི་དཔྱད་ཀྱི་འཁོར་ལོ་བསྐོར།། ཞེས་གསུངས་སོ། ཕྱིས་སུ་རྒྱ་ནག་ནས་གཞན་ལུགས་ལྟར་བསྒྱུར་བ་ཡིན་ནོ། གཞན་དག་ཁ་ཅིག་གིས་རྒྱ་ནག་གི་ཡུལ་དུ་ཐུབ་པའི་ཆོས་མ་བྱུང་བའི་གོང་དུ་སངས་རྒྱས་དང་དེའི་བསྟན་པ་སྒྲ་ཙམ་དུའང་མ་གྲགས་སོ། ཞེས་བཤད་པ་ནི་རང་བཟོར་ཟད་དོ། ཞེས་གསུངས་སོ། འདིའི་འཕྲོར་རྒྱ་ནག་ཏུ་བོན་དར་བའི་རྒྱུ་མཚན་དུ་མ་ཞིག་གསུངས་ཀྱང་ཚིག་མང་གིས་དོགས་ནས་མ་བྲིས་སོ།།
དེ་གཏེར་དུ་སྦས་ཚུལ་ནི། རྒྱལ་པོ་ཁྲི་སྲོང་གིས་བོན་སྣུབ་པའི་དུས་སུ། བླ་ཆེན་དྲན་པ་ནམ་མཁས་རྩིས་སྨན་སོགས་དང་ཕུར་བའི་སྡེ་སྐོར་དོན་གསུམ་ལྕགས་ཀྱི་སྒྲོམ་བུར་བཅུག་སྟེ་ཕོ་བྲང་བསེ་སྒོ་ཅན་དུ་སྦས་སོ། དེར་བོན་ལ་དགྱེས་པའི་ལྷ་སྲས་མུ་ཐུག་བཙན་པོ་རྒྱལ་སར་བཏོན་པས། ལྷ་སྲས་དེ་ཉིད་བོན་འབངས་ལ་ཐུགས་ཆད་ནས་མན་ངག་ཟབ་མོ་བོན་སྐོར་སྨན་རྩིས་རྣམས་དང་ཕུར་བའི་སྡེ་སྐོར་དོན་གསུམ་གྱི་སྒྲོམ་བུ་རྣམས་ཕོ་བྲང་བསེ་སྒོ་ཅན་ནས་ཁྱུང་པོ་གྱེར་ཟླ་མེད་དང་ལྷ་སྲས་གཉིས་ཀྱིས་བཏོན་ཏེ་སྤ་གྲོ་ཕུག་གཅལ་དུ་གཏེར་དུ་སྦས་སོ། ཕྱིས་བོན་གྱི་གཏེར་ཆེན་གཡུ་ཐོག་ཟླ་འོད་ཀྱིས་གཏེར་ནས་སྤྱན་དྲངས་པས་ཁུ་ཚ་ཉིད་སྨན་ལ་མཁས་པས་དམུའི་བྲང་ཏི་སྨན་པས་ཕྲག་དོག་ བྱས་ཏེ། ཁོང་ཉང་སྟོད་དུ་བཞུད་པའི་ལམ་ཁར་མི་ལྔས་བསྒུག་པས་ཁུ་ཚས་རྟ་ལྕགས་ཀྱིས་བྲབ་ནས་བྱོན་ཏེ་ཤོར། ཁུ་ཚའི་སྨན་ཆུང་གཅིག་མདས་ཕོག་སྟེ་རྒྱུ་མ་བཏོན་པ་ལ་ཁུ་ཚས་རྒྱུ་མ་འོ་མས་བཀྲུས་ཏེ་རྟ་དཀར་པོའི་རྒྱུས་པས་བཙེམ་པས་སོས། བུ་ཁྱོད་ཀྱིས་ངའི་སྲོག་བཏོན་པ་ཡིན་གསུངས་ནས་གདམས་ངག་ཀུན་གནངས། ཕྱིས་ཁུ་ཚ་སྨན་པའམ་མཁས་པ་གཡུ་ཐོག་ཏུ་གྲགས་སོ། ཞེས་ལེགས་བཤད་མཛོད་ལས་གསུངས། དཀར་ཆག་ཉི་མ་འབུམ་འོད་ལས། གཡུ་ཐོག་འགྲོ་བའི་མགོན་པོ་གཉིས་པ་ཟླ་འོད་འབར་གྱིས་སྤ་གྲོ་སྟག་ཚང་ནས་གཏེར་ལས་ཐོན་པ། གསོ་བ་རིག་པ་སྨན་རྒྱུད་འབུམ་བཞི་ཞེས་གསུངས་སོ།
ཡང་སྐམ་ཚང་གཡུང་དྲུང་ཉི་རྒྱལ་གྱིས་ལྷ་གཤེན་གྱི་ལུང་བཞིན་བརྩམས་པའི་གསོ་རིག་སྨན་ནུས་ཀྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ་ཞེས་བྱ་བ་ལྡེབ་མ་སུམ་བརྒྱ་ལོང་བ་ཙམ་ཡོད་པའི་རྩོམ་བྱང་དུ་གཤེན་གཏེར་གྱི་སྨན་རྒྱུད་འབུམ་བཞི། ཨ་ཙ་ར་གསུམ་གྱིས་དྲངས་པའི་གསོ་དཔྱད་སྔོ་ཤིང་ལྡུམ་བཅོས། ཁུ་ཚ་ཟླ་འོད་ཀྱིས་ཕུར་བོན་དང་མཉམ་དུ་བཏོན་པའི་སྨན་གྱི་རྒྱུད་བཞིའམ་འབུམ་བཞི་ཆ་ལག་དང་བཅས་པ་ཡན་ལག་བརྒྱད་པ་བདུད་རྩི་སྨན་གྱི་རྒྱུད་དགུ་ཡོད་པའི་ནང་ནས། རྩ་འབུམ། སྨན་འབུམ། ནད་འབུམ། དཔྱད་འབུམ་དང་བཞི་འདི་དག་སྨན་རི་ན་ཡོད་གསུངས་འདུག འདི་ལྟར་ན་རྒྱུད་བཞི་འདི་ལའང་གཏེར་ཁ་འདྲ་མིན་ཡོད་ཅིང་ཆོས་སུ་མ་འགྱུར་བ་ཞིག་ཀྱང་ཡོད་དམ་སྙམ་མོ།།
གཞན་ཡང་མི་བཤིག་རྡོ་རྗེའི་སྙན་བརྒྱུད། དཔྱད་རྒྱུད་ཁྲི་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་དང་བླ་ཆེན་དྲན་པས་མཛད་པའི་གསོ་དཔྱད་བདུད་རྩི་རྣམ་རྒྱལ་བུམ་བཟང་དང་སྤོས་ཀྱི་སྦྱོར་སྡེབས་མཆོད་འབུལ་ལྷ་མོས་ལུང་བསྟན་པ་འཆི་མེད་གཙུག་ཕུད་ཅན་སོགས་བཞུགས་ཡོད་དོ། ཕྱིས་སུ་མཁས་པ་རྣམས་ཀྱིས་བརྩམས་པའི་སྨན་གཞུང་ཡོད་པ་རྣམས་འདིར་མ་བྲིས་སོ།
དེ་ལྟར་སྨན་གྱི་སྐོར་འདིའང་སྔོན་ཆད་དར་ནུབ་དུ་མ་ཞིག་བྱུང་ཡང་བོན་གཤེན་རིག་འཛིན་རྣམས་ཀྱི་འཕྲིན་ལས་ལ་བརྟེན་ནས་སྨན་རྒྱུད་ཕལ་ཆེ་དེང་སང་བཞུགས་ཡོད་ཀྱང་རྡུལ་ཁྲོད་དུ་ཡིབ་སྟེ་དར་རྒྱ་ཆུང་བ་ནི། རྒྱུད་འཛིན་རྣམས་ཀྱིས་གོ་མ་ཆོད་པ་ཡིན་པས། སྨན་གྱི་བསྟན་པ་ལ་ཆེས་ཆེར་བྱེད་པའི་ཞེ་རུས་ཅན་མཆིས་ན་སྨན་གཞུང་འདི་དག་དཔར་དུ་འཁོད་པ་དང་འཆད་ཉན་ལག་ལེན་གྱི་རྒྱུན་འཛུགས་པ་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་ཐུགས་བསྐྱེད་མི་དམན་པར་ཞུ།
བོན་གཤེན་བཀའ་དྲིན་ཀུན་ལ་ངེས་པའི་ཕྱིར། །རྒྱལ་བའི་ཕྲིན་ལས་རྒྱ་ཆེའི་སྨན་དཔྱད་རྒྱུད། །ཇི་ལྟར་བྱུང་ཚུལ་ལུང་བཞིན་བཀོད་པ་འདི། །རང་དང་སྐལ་མཉམ་ཡིད་ཆེས་གསོས་སུ་སྤེལ། །འགལ་དང་མ་འབྲེལ་ནོངས་པའི་ཆ་གྱུར་གང༌། ། བློ་ལྡན་རིགས་པ་སྨྲ་རྣམས་བཟོད་པར་མཛོད། །གལ་ཏེ་འདི་སྦྱར་དོན་ཡོད་ཉིད་གྱུར་ན། །གསོ་རིག་བསྟན་པ་གནས་པའི་རྒྱུར་གྱུར་ཅིག། ཅེས་པ་འདི་ནི་གསོ་རིག་པ་དབང་ཕྱུག་སོགས་སྨན་པ་འགའ་ཞིག་གིས་འདི་འདྲ་དགོས་ཞེས་ཡང་ཡང་བསྐུལ་ངོར་རྨོངས་རྟུལ་སྐལ་དར་གྱིས་བྲིས་པའོ།། དགེའོ། ། ། །